དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལས་ཡུས་ཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-08

    ཀ་པས་སློབ་ཁྲིད་བྱེད་པ་ཚོགས་པར་བསྐུར། །

    ཁ་པས་ཡིག་ཆ་བཟོ་བ་ཚོགས་པར་བསྐུར། །

    ག་པས་གད་སྙིགས་སྒྲུག་པ་ཚོགས་པར་བསྐུར། །

    ང་ཚོའི་ཚོགས་པ་ལས་ཡུས་ཤོད་སར་གྱུར། །


    ཅ་ཅོ་སྒྲོག་ལ་མི་དགའ་ཁྱེད་རང་ཡང་། །

    ཆ་ལུགས་གཞན་དང་གང་ཐུབ་བསྟུན་ཁུལ་གྱིས། །

    ཇ་རོ་ཟས་ལྷག་གཡུགས་པའི་ངང་ཚུལ་ཡང་། །

    ཉ་ག་ལྟ་བུའི་ཚོགས་པ་འདི་ནང་བསྐུར། །


    ཏ་ལེར་གསལ་བའི་ཁ་པར་ཕྱི་ངོས་ནས། །

    ཐ་མལ་རྣམས་ཀྱང་ཡ་རབས་ཅན་དུ་འགྱུར། །

    ད་ནི་མགྲིན་བཟང་གཟིག་ལྤགས་གྱོན་དགའ་བ། །

    ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད། །


    པ་ལོ་རྒྱབ་དང་སྐད་ཆ་མདུན་ཟེར་ཡང་། །

    ཕ་བོང་བསྐོར་ནས་འགྲམ་པར་གཞུ་མཁས་ཤིང་། །

    བ་ཤ་གླང་འགེལ་བྱེད་པར་མངའ་འབྱོར་བའི། །

    མ་གྲོས་རང་མཐུན་ཅན་ཡང་འདི་ན་འདུག །


    རྩ་དོན་མི་བོར་རང་འགན་ལེགས་གྲུབ་ཀྱིས། །

    ཚ་གྲང་དཀའ་སྡུག་སྤྱོད་མཁན་མི་དར་བར། །

    ཛ་ཛོར་པར་མིག་ནང་དུ་ཚུད་ཐབས་ཀྱིས། །

    ཝ་མོའི་རྗེས་འགྲོ་འཕེལ་འདི་ཨ་རེ་མཚར། །


    ཞ་བོ་དག་གིས་མགྱོགས་འགྲོའི་རྣམ་པ་བཞིན། །

    ཟ་མ་མེད་པར་ལས་ཀ་འཕར་མ་སོགས། །

    འ་འུར་དམངས་ཕན་ཁོ་ནར་གཞོལ་ཚུལ་ལས། །

    ཡ་ཡོའི་བསམ་སྤྱོད་གཏན་ནས་མེད་ཚུལ་བྱེད། །


    ར་ཡི་རིལ་མར་ལུག་གི་ངོམ་སོ་ནི། །

    ལ་ལ་ཙམ་མིན་རྟག་པར་བཏང་དྲགས་ན། །

    ཤ་ཚ་ཅན་ཡང་ཁྲེལ་བའི་གཞིར་འགྱུར་བས། །

    ས་འོག་དར་འཐག①མ་གནང་ཤ་ཉེ་ཚོ། །


    ཧ་རེ་ཧུ་རེར་བྲིས་པའི་ཀ་ཕྲེང་འདི། །

    ཨ་ཙི་ཐམས་ཅད་བདེན་པ་མིན་སྲིད་པས། །

    ཧ་ཅང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱིས། །

    ཨ་ཡག་ལེན་ལ་ཨ་སྡུག་སྤོང་བར་མཛོད། །

    ① ལྐོག་ཏུ་སྦྱོར་བ་ངན་པ་སྤེལ་བའི་དཔེ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།