གུང་གསེང་རིང་འདི་དག་མ་བརྗེད་ཨང་།
ཀྭ་ཡེ་ཁྱེད་ཅག་ཁྱིམ་དུ་འབྱོར་བའི་རྗེས། །
ཁ་པར་ཁོ་ནར་མགོ་གཡེང་མ་བསྡད་པར། །
ག་དུས་ཡིན་རུང་དུས་ཚོད་དམ་འཛིན་གྱིས། །
ང་ཅག་དགེ་སློབ་དམ་བཅའ་སྲུངས་ཤིག་ཨང་། །
ཅ་ཅོ་འུར་ཟིང་ཆེ་བའི་ཁྲོམ་ར་དང་། །
ཆ་ལུགས་ཀུན་མཐུན་མེད་པའི་འདུ་འཛིའི་གནས། །
ཇ་ཁང་ཆང་ཁང་དྲྭ་ཁང་ལ་སོགས་པར། །
ཉ་ཉོག་འཇུག་པའི་ལས་དེ་སྤོངས་ཤིག་ཨང་། །
ཏ་ཐཱ་ག་ཐའི་གསུང་རབ་ཡན་ཆད་ནས། །
ཐ་དད་མི་རིགས་མི་འདྲའི་དཔེ་ཆ་དག །
ད་ཆའི་གོ་སྐབས་བཟང་པོ་ལེགས་སྤྱད་དེ། །
ན་ནིང་ལས་ཀྱང་མང་བར་ཀློགས་ཤིག་ཨང་། །
པ་ཕ་ཨ་མའི་བཀའ་དྲིན་གསོལ་བསམས་ན། །
ཕ་རོལ་འཁྱམས་ཁྱི་དེ་ཚོར་མ་བལྟས་པར། །
བ་ལང་གཟན་རྩྭ་སྟེར་སོགས་དོན་ཆུང་ནས། །
མ་ཡི་ཕྱག་རོགས་གང་ཐུབ་སྒྲུབས་ཤིག་ཨང་། །
ཙག་ཙིག་ལས་ཀའི་ཞོར་ལ་རྒན་རབས་ཚོས། །
ཚ་གྲང་དཀའ་སྡུག་སྤྱད་ཚུལ་ལེགས་ཉན་ཏེ། །
ཛ་དྲག་འབྱུང་འགྱུར་དུས་ལ་མནོ་བསམ་གྱིས། །
ཝ་ཁའི་ཆུ་བཞིན་འགྲན་རྩོད་བྱོས་ཤིག་ཨང་། །
ཞྭ་གོས་ལྷམ་གྱི་ལན་པར་ཡག་ཉེས་དང་། །
ཟ་མ་ཅི་བཟའ་གོ་བསྡུར་བྱེད་པ་སོགས། །
འ་ལད་སྐྱུག་བྲོའི་བྱ་བ་རབ་སྤངས་ཏེ། །
ཡ་རབས་དམ་པའི་བརྟུལ་ཞུགས་ཟུངས་ཤིག་ཨང་། །
ར་རྫི་བོང་རྫི་སློབ་ཆེན་ཐོན་པ་རེད། །
ལ་ལུང་གང་ནའང་འགྲོ་ཁུངས་མ་མཆིས་ཞེས། །
ཤ་ཚ་ཡིན་མདོག་མཁན་ལ་མ་ཉན་པར། །
ས་སྐྱ་ལེགས་བཤད་སོགས་ལ་ལྟོས་ཤིག་ཨང་། །
ཧ་ཅང་བརྗོད་འདོད་སྐད་ཆ་མང་མོད་ཀྱང་། །
ཨ་ཙི་སྙིང་པོར་དྲིལ་ན་འདི་ག་ཙམ། །
ཧ་ལམ་ཟླ་བ་གཉིས་ཀྱི་དུས་ཡུན་ནང་། །
ཨ་མའི་གཅེས་ཕྲུག་ཁྱེད་ཅག་སྐྱིད་པར་ཤོག །