ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་རིག་རྩལ་འཁྲབ་སྟོན་བྱས་པ།
སའེ·ཨ་མར་སའེ་ཧན་དང་། ཝུར་སྨི་ལཱ·ཨ་ཡར། ཝ་ལུན་ཏིང་ ནཱ·ཞི་ཁ་ཏི་ཉི། ཝང་ཅུན་ཀྲེང་། ཡན་ཅིན་ཧའེ་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ།
ཚེས་4ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་རིག་རྩལ་འཁྲབ་སྟོན་ཉིང་ཁྲིའི་ཀླུ་ནང་དུ་བྱས་པ་རེད།
མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་སའེ·ཨ་མར་སའེ་ཧན་དང་། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་གཞོན་པ་ཝུར་སྨི་ལཱ·ཨ་ཡར། ཆི་ལིའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་གཉིས་པ་ཝ་ལུན་ཏིང་ནཱ·ཞི་ཁ་ཏི་ཉི། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་། སུན་ཤན་ཀྲུང་། ཀྲང་ཧུང་པོ། ཝང་ཡུང་། ཝང་ཀང་། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ནུང་རུང་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ས་གནས་དེ་གའི་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
དགའ་བདེའི་དཔལ་ལ་རོལ་ཞིང་སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་གཞས་ནང་ནས《བཀྲ་ཤིས་བདེ་ལེགས》ཞེས་པའི་གླུ་གཞས་ཁྲོད་ད་ཐེངས་རིག་རྩལ་འཁྲབ་སྟོན་གྱི་འགོ་ཚུགས་པ་རེད། སྒྲ་གདངས་གཉིས་ལྡན་གྱི་གླུ་གཞས《ཇོ་མོ་གླང་མ》དང་། དངོས་མཚོན་གླུ་གར《ཧི་མ་ལ་ཡའི་ཡུལ་སྲོལ་གོམས་གཤིས》པི་ཝང་རྒྱུད་གཉིས་མ་རྐྱང་དཀྲོལ《རྟ་རྒྱུག་འགྲན་བསྡུར》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ཐོག་འཁྲབ་སྟོན་བྱས་ཏེ་བརྗིད་ཉམས་ཆེ་བ་དང་། འཁྲུག་ཆ་དོད་པ། འགྱུར་ཁུག་སྙན་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད། འཇམ་དབྱངས་སྒྲོལ་མས《ཡུལ་མཆོག》ཅེས་པའི་གླུ་གཞས་བཏང་བ་ལས་དེ་གའི་རྣམ་པ་ཧ་ཅང་འཁྲུག་པོར་གྱུར་པ་མ་ཟད། བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་ཁར་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཡར་རྒྱས་གསར་པ་ཟམ་མི་ཆད་པར་བྱུང་བའི་མཛེས་སྡུག་ལྡན་པའི་རྣམ་པའང་གང་ལེགས་མཚོན་པར་བྱས་ཡོད། ནེ་པ་ལའི་པོ་ཁེ་ལཱ་གྲོང་ཁྱེར་གྱི་རིག་རྩལ་འཁྲབ་སྟོན་ཚོགས་པས་འཁྲབ་སྟོན་བྱས་པའི་གླུ་གར་ལ་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ། རིག་རྩལ་འཁྲབ་སྟོན་གྱི་མཇུག་བསྡུའི་གླུ་གཞས་ཀྱང་ད་ཐེངས་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོའི་གླུ་གཞས《ཕུགས་འདུན་ཆེ་ཤོས》ཞེས་པ་ཡིན་ཞིང་། དེས་ཧི་མ་ལ་ཡའི་མཐའ་སྐོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ལག་གདང་གཅིག་སྦྲེལ་གྱིས་ཕུགས་འདུན་དོན་གཉེར་བྱས་ཏེ་མཉམ་ལས་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གསར་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བློ་སྟོབས་མཚོན་པར་བྱས་ཡོད།