བོད་ལུགས་གསོ་བ་རིག་པའི་གཞུང་དང་དེང་རབས་ཚན་རིག་མཁས་པའི་དགོངས་གཞི་ལྟར་ཚད་ལྡན་ལུས་སྦྱོང་ངམ་རྩོལ་བཅག་བྱེད་ཐབས་སྐོར་གླེང་བ།
དེ་ཡང་རྒྱུན་སྤྱོད་ཀྱི་གྲས་སུ་གཏོགས་པའི་ལུས་སྦྱོང་ངམ་རྩོལ་བཅག་ཅེས་པ་ནི་ལུས་ཀྱི་བྱེད་རྩོལ་ལ་བརྟེན་ནས་འགུལ་སྐྱོད་ཀྱིས་ལུས་དལ་བར་མི་སྡོད་པའི་ལུས་ཁམས་ཀྱི་འཕྲོད་བསྟེན་ཞིག་ཡིན། ལུས་པོའི་འགུལ་སྐྱོད་ཀྱི་ཐབས་ལ་བརྟེན་ནས་ལུས་པོ་བདེ་ཐང་ཡོང་བར་བྱེད་པ་ནི་ཀུན་ལ་གྲགས་པ་ཞིག་ཡིན། འོན་ཏེ་བོད་ལུགས་གསོ་བ་རིག་པའི་གཞུང་ནས་རྩོལ་བཅག་བསྟེན་པའི་ཐབས་ལ་དམིགས་བསལ་གྱི་ཁྱད་ཆོས་དང་དགོས་པ་ཁྱད་པར་ཅན་གསུངས་ཡོད་པ་དག་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གནད་བསྡུས་སུ་ཞུས་ན་འདི་ལྟ་སྟེ། བོད་ལུགས་གསོ་བ་རིག་པའི་བསྟན་བཅོས་ཆེ་མོ་རྒྱུད་བཞི་ལས་གཉིས་པ་བཤད་པའི་རྒྱུད་ཀྱི་ཐ་མལ་ནད་མེད་ཀྱི་གནས་བསྟན་པའི་སྐབས་སུ། ལུས་ཡང་ཚིལ་བྲི་སྐབས་ཕྱེད་མེ་དྲོད་སྐྱེད། མཁྲེགས་དང་ལས་ནུས་ཡང་དག་རྩོལ་སྤྱད་འབྱུང་། ཞེས་ཡང་དག་པའི་རྩོལ་སྤྱད་ཅིག་བསྟེན་ཐུབ་ན། ལུས་ཁམས་ཡང་ཞིང་ཚིལ་ལྷག་མ་བྲི་བ་དང་། གཟུགས་བྱད་ལེགས་སུ་འགྲོ་བ། ལྷག་པར་དུ་ཕོ་བའི་མེ་དྲོད་སྐྱེས་པ། ལུས་ཁམས་ཀྱི་ཤ་གནད་མཁྲེགས་ཤིང་གྲིམས་ལ་བརྟན་པ། ལས་དང་བྱ་བའི་དོན་མཐའ་དག་ལ་ཐོགས་པ་མེད་པར་འཇུག་ནུས་པ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་ཚུལ་གསུངས་པས། དེའི་སྐོར་རང་མི་རིགས་ཀྱི་ཕུལ་བྱུང་གསོ་བ་རིག་པའི་གཞུང་དང་འབྲེལ་ཏེ་ལུས་སྦྱོང་ཚད་ལྡན་གནང་སྟངས་དང་དེ་ལས་འཕྲོས་པའི་སྐོར་ལ་ཅུང་ཟད་ཞུ་བར་བྱ་སྟེ།
དེ་ཡང་ལུས་སྦྱོང་ཚད་ལྡན་ཞིག་ཇི་ལྟར་བསྟེན་དགོས་པའི་སྐོར་ལ་གསོ་རིག་རྒྱུད་བཞི་ལས། མི་རྔུལ་བཅགས་པ་སྤྱོད་ལམ་མཆོག་ཡིན་ནོ་ཞེས་རྒྱུན་གཏན་ལུས་ཀྱི་རྩོལ་བཅག་ལ་བརྟེན་ནས་ལུས་སྦྱོང་བྱེད་པའི་སྐབས་སུ་ངེས་པར་དུ་ལུས་པོ་ནས་རྔུལ་ཆུ་མ་ཐོན་འཚམ་ཚད་རན་པར་གཞི་བྱས་ནས་རྩོལ་བཅག་བསྟེན་དགོས་པ་ཤིན་ཏུ་གནད་ཆེ་བར་གསུངས་ཡོད་པས། རྒྱུན་དུ་རྩོལ་བཅག་ཐལ་དྲགས་པ་དང་ཡང་ན་ལུས་མི་འགུལ་བའམ་རྩོལ་བཅག་ཤུགས་ཆུང་ནས་དམན་དྲགས་པར་གྱུར་པ་སྟེ། ཕྱིན་ཅི་ལོག་པའི་མཐའ་གཉིས་སྤོང་དགོས་པའི་དགོངས་པ་བསྟན་ཡོད་པས། མི་རྔུལ་ཙམ་རན་པར་རྩོལ་བཅག་བསྟེན་དགོས་པ་ཡིན། དེ་ལྟར་མ་ཡིན་པར་རྩོལ་བཅག་ཐལ་དྲགས་ན་ལུས་ལ་ཕན་པ་ལྟ་ཅི། དེ་བས་གནོད་པར་གྱུར་ཚུལ་གསུངས་ཡོད་དེ། གསོ་རིག་རྒྱུད་བཞི་ལས། ཐལ་དྲགས་ལོག་པས་དེ་ལས་མ་རུངས་འགྱུར་ཞེས་ལུས་པོ་རྔུལ་བའི་ཚད་ལས་ཐལ་བའི་རྩོལ་བཅག་གིས་ལུས་པོ་མ་རུངས་པར་བྱེད་པ་དང་། དེ་བས་ལུས་ཟུངས་ཟད་པ་ལ་བརྟེན་ནས་མདངས་ཟད་ཅིང་། དེས་རིམས་ནད་ཕོག་སླ་བ་དང་། གཅོང་ནད་ཅན། དྲན་པ་མི་གསལ་བའི་ནད་གཞི། ལུས་ཀྱི་དྲོད་ཁམས་འཕེལ་ཏེ་སྐོམ་དད་ཀྱི་ནད་སྐྱེད་ཅིང་། དེ་ལས་གྱུར་པའི་ཁྲག་མཁྲིས་ཀྱི་ནད་གཞི་ཕོག་པ་སོགས་ཀྱི་སྐྱོན་དང་ལྡན་པས་རྣམ་པ་ཀུན་ཏུ་གཟབ་པར་བྱ་ལ། བྱེ་བྲག་དམིགས་བསལ་གང་ཟག་སོ་སོའི་རང་བཞིན་དང་། ལུས་སྟོབས། ཡུལ་དུས་ལ་བསྟུན་པའི་རྩོལ་བཅག་ཚད་རན་པར་བྱས་ཚེ་ལུས་སེམས་ལས་སུ་རུང་ཞིང་། དབང་པོ་གསལ་བ། ལུས་མདངས་འཕེལ་བ་སོགས་ཀྱི་ཁྱད་ཆོས་དུ་མ་མཆིས་སོ།
དེ་བཞིན་རྩོལ་བཅག་བསྟེན་རུང་མིན་ལ་གླེང་ཚེ། དམིགས་བསལ་རླུང་མཁྲིས་ཀྱི་ནད་ཅན་དང་ན་ཚོད་མ་སྨིན་པའི་བྱིས་པ། ལུས་ཟུངས་ཆེས་ཟད་པའི་རྒས་ཤིང་འཁོགས་པ་བཅས་ཀྱིས་ནད་ཀྱི་སྟོབས་དང་ཟུངས་ཀྱི་ཆ་ལ་ལྟོས་ནས་རྩོལ་བཅག་དལ་བུས་ཉུང་ངུར་འཇུག་པའམ་སྤང་བར་བྱའོ། གཞན་ཡང་རྩོལ་བཅག་ངེས་པར་བསྟེན་དགོས་པའི་ལུས་ཅན་ནི་ལུས་སྟོབས་དང་ལྡན་པ། རྒྱུན་དུ་སྣུམ་བག་ཤས་ཆེར་ཟ་བ། བད་ཀན་རང་བཞིན་ཅན་སོགས་ཡིན། ནམ་ཟླ་དུས་ཀྱི་སྒོ་ནས་གླེང་ཚེ་དགུན་སྟོད་དང་དགུན་སྨད། དཔྱིད་ཀའི་དུས་རྣམས་སུ་ཡིན་ཞིང་། དེ་ལས་དུས་གཞན་ཏེ་སོས་ཀ་དང་དབྱར་དང་སྟོན་གྱི་དུས་རྣམས་ལ་དལ་བ་དང་ཅུང་ཟད་རན་ཞིང་འཚམ་པའི་སྒོ་ནས་བསྟེན་པར་བྱའོ། ཡང་ཉིན་ཞག་གཅིག་ལ་ལྟོས་ཚེ། རྒྱུད་བཞི་ལས། བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་ཞེས་གསུངས་པ་ལྟར་བད་ཀན་གྲང་བ་ལྡང་བའི་དུས་ནི་སྲོད་དང་སྔ་དྲོ་ཡིན་པས་དེ་གཉིས་ཀྱི་མཚམས་སུ་རྩོལ་བཅག་བྱས་ཚེ་དགེ་མཚན་ཆེ་ལ། གཞན་ཉིན་དགུང་སོགས་ཉི་མའི་སྟོབས་རབ་ཏུ་རྒྱས་པའི་སྐབས་དྲག་ཤུལ་དང་ལུས་སྦྱོང་གིས་ལུས་ཁམས་ཀྱི་ཁྲག་མཁྲིས་ཚ་བའི་ཁམས་འཕེལ་བས་མི་རུང་བ་ཡིན་ནོ།
རྩོལ་བཅག་ནི་རྒྱུན་གཏན་གྱི་སྤྱོད་ལམ་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པས་མི་མང་པོ་ཞིག་གིས་རྒྱུན་གཏན་གྱི་འཚོ་བའི་ནང་རྒྱུན་ཆད་མེད་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་འགུལ་སྐྱོད་བྱེད་བཞིན་པ་མཐོང་ཆོས་སུ་གྱུར། འོན་ཀྱང་དེ་དག་ལ་སྲོལ་རྒྱུན་རིག་གཞུང་གི་ཁུངས་དང་། ཆེད་ལས་ལུས་སྦྱོང་པའི་མཛུབ་སྟོན་སོགས་མེད་པས། ཡང་སྙིང་ཚད་ལྡན་གྱི་ལུས་སྦྱོང་བྱེད་སྟངས་ལ་ཤེས་རྟོགས་དེ་ཙམ་མེད། གལ་ཏེ་འགུལ་སྐྱོད་ཡང་དག་པོ་མ་བྱུང་ན་ལུས་པོའི་རྩ་དང་། རླུང་། ཆུ་སེར། ཁྲག མཁྲིས་པ། རུས་ཚིགས་སོགས་ལ་གནོད་འཚེ་བྱུང་ནས་གཟུགས་གཞི་བདེ་ཐང་ལ་གནོད་སྐྱོན་ཆེ་ཞིང་རྒྱུན་གཏན་ཀྱི་འཚོ་བ་དང་ལས་ཀ་སོགས་ལ་འཇུག་མི་ཐུབ་པའི་གནས་སུ་ལྷུང་། དེས་ན་ཚད་ལྡན་གྱི་གཞུང་དང་ཆེད་ལས་མི་སྣའི་མཛུབ་སྟོན་འོག་ཚད་རན་ཞིང་ལུས་ཁམས་ལ་འཕྲོད་པའི་ལུས་སྦྱོང་ལ་འཇུག་རྒྱུ་དེ་བས་གལ་ཆེ་བར་མཐོང་།
དེ་བཞིན་ཡང་དག་རྩོལ་བཅག་ཀྱི་ཐད་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྐང་ཐང་དུ་འགྲོ་བ་ནི་ལུས་རྩལ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ནི་སྟབས་བདེ་ཞིང་ལག་ཏུ་སྟར་བདེ་བ་དང་། ལུས་སྟོབས་སྐྱེས་ཤིང་ཕན་འབྲས་ཀྱང་བཟང་བར་གླེང་བས། རྒྱུན་གཏན་ནས་རྐང་ཐང་དུ་འགྲོ་བ་ལ་སྣང་ཆེན་དགོས་ཤིང་། འདི་ཉིད་ལུས་སྦྱོང་གཞན་དང་བསྡུར་ན་བྱ་སླ་ཞིང་དཀའ་ཚེགས་ཆུང་བ། ཅུང་ཟད་རྩོལ་བ་ཆུང་བའམ་དལ་བའི་ཁོངས་སུ་གཏོགས་པས་ཀུན་གྱིས་དང་ལེན་བྱེད་བདེ། ཕོ་མོ་རྒན་གཞོན་གང་ཡིན་རུང་རྐང་ཐང་གི་ལུས་སྦྱོང་དེ་ག་དུས་འགོ་བཙུགས་ཀྱང་ཆོག་སྙམ། ཨ་རིའི་སྙིང་ཁམས་རིག་པའི་ཐོག་མའི་སྲོལ་འབྱེད་མཁན་འབུམ་རམས་པ་ཧོའེ་ཐེས་ཀྱང་འཕེལ་འགྱུར་སྨྲ་བའི་ཐད་ནས་བལྟས་ན། རྐང་ཐང་དུ་འགྲོ་བ་ནི་མིའི་རིགས་ཀྱི་ལུས་རྩལ་ཡག་ཤོས་ཤིག་རེད་ཅེས་གསུངས་ཡོད།
《ཨ་རི་བས་འགུལ་སྐྱོད་བྱེད་བཞིན་ཡོད(AmericaontheMove )》ཅེས་པའི་ཐོག་མའི་གྲོས་འགོ་འདོན་མཁན་དགེ་རྒན་ཆེ་མོ་བ་ཀྲན་མུའུ་སི་ཡིས་ལྟ་ཚུལ་ཞིག་བཏོན་པ་སྟེ། མི་སྒེར་གྱི་འཚོ་བ་རོལ་སྟངས་ཐད་ལེགས་བཅོས་ཆུང་ཆུང་གཉིས་བྱས་ན་ཚིལ་འཕེལ་བ་སྔོན་འགོག་དང་གཟུགས་གཞི་དེ་བས་ཐང་དུ་གཏོང་ཐུབ་པས་སྤྱི་འགྲོས་ལྟར་ན། གོམ་པ། 2000/ཉིན།(160千卡ཟད་གྲོན་བྱས་པ)+ཟས།(160千卡ཉུང་ཟོས། /ཉིན།)=ལུས་པོའི་ལྗིད་ཚད་མི་འཕར་བ་ཡིན་ཞིང་། སྤྱི་འགྲོས་དེ་ལས་ང་ཚོས་རྟོགས་ཐུབ་པ་ནི། ཉིན་རེར་ཉུང་མཐར་གོམ་པ་2000སྤོ་བ་དང་། ཟས་རིགས་ཀྱི་ཚོད་དེ་ཙམ་ཉུང་ཟོས་བྱས་ཚེ་ལུས་པོའི་ལྗིད་ཚད་གཏན་འཇགས་ཀྱིས་མི་འཕར་བ་སྟེ། རང་རེའི་གསོ་རིག་གི་གཞུང་ནས་བསྟན་པའི་ལུས་ཉམས་འཚག་རན་པའམ་ལུས་ཀྱི་སྐབས་ཕྱེད་པར་གྱུར་བ་ཡིན། དེ་བཞིན་ངལ་རྩོལ་ཉུང་བའི་གྲོང་ཁྱེར་ཆེ་མོར་མཚོན་ན། ཉིན་རེར་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་3ནས་4བར་གྱི་སར་རླངས་འཁོར་ལ་མི་སྡོད་པར་གོམ་བགྲོད་བྱས་ཚེ། ལུས་པོའི་ལྗིད་ཚད་འཕར་མི་སྲིད་ལ་དེས་ལུས་སེམས་ལས་སུ་རུང་ཞིང་། གཟུགས་གཞིའི་རུས་ཚིགས་ལ་སྦྱོང་བརྡར་དང་རྩ་རླུང་གི་རྒྱུ་བ་སྙོམས་པར་བྱེད་པས་སྙིང་དང་། ཁྲག ཀླད་པའི་ནད་མི་ཕོག་པའམ་ཕོག་ཚད་ཆུང་དུ་གཏོང་སྲིད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྐང་ཐང་དུ་འགྲོ་བ་ནི་ཆེས་སྟབས་བདེ་དང་ཆེས་འཚམ་པའི་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་སྦྱོང་བརྡར་བྱེད་ཐབས་ཡག་ཤོས་ཤིག་ཡིན།
1992ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དུས་རབས་21པའི་བདེ་ཐང་སྐོར་གྱི་བླང་བྱ་བཏོན་པ་ལས། སྨན་པ་ཡག་ཤོས་ནི་རང་ཉིད་ཡིན་པ་དང་། སྨན་རྫས་ཡག་ཤོས་ནི་དུས་ཚོད་ཡིན་པ། འགུལ་སྐྱོད་ཡག་ཤོས་ནི་རྐང་ཐང་དུ་འགྲོ་བ་བཅས་ཡིན་ཞེས་གསུངས་ཡོད། དེ་བས་རྐང་ཐང་དུ་འགྲོ་བའང་ཐལ་དྲགས་རྒྱུ་མེད་པར་གསོ་རིག་རྒྱུད་བཞི་ལས་གསུངས་པ་བཞིན་མི་རྔུལ་ཙམ་བཅག་པ་མཆོག་ཡིན་པ་གོང་གསལ་ལས་ཤེས་རྟོགས་ཐུབ་པ་ཡིན།
མདོར་ན་སྲོལ་རྒྱུན་གསོ་རིག་གི་དགོངས་པ་དང་དེང་རབས་ཚན་རིག་མཁས་པའི་བཞེད་ཚུལ་གཉིས་གཞི་གཅིག་ཏུ་བབས་པ་བཞིན་ཡང་དག་པའི་རྩོལ་བཅག་གི་ཚད་གཞི་དང་། དུས་སོགས་སྤང་བླང་ཤེས་པའི་སྒོ་ནས་རན་པར་བསྟེན་ཐུབ་ཚེ་ཕན་ཡོན་ལེགས་པར་མངོན་ཐུབ་པ་མ་ཟད། ད་དུང་སྔར་ལས་ལྷག་པའི་སྒོ་ནས་གོང་རིམ་གྱི་དགོངས་དོན་ལྟར་དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་གི་ཐོག་ནས་བདེ་ཐང་ལ་ཕན་ཐོགས་ཡོད་པའི་ཐོག་མའི་བསམ་འདུན་ཡང་རང་བཞིན་གྱིས་མངོན་ཐུབ་སྙམ།
(བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་2022ལོའི་རབས་འབྱམས་ཞིབ་འཇུག་སློབ་མ། ཚེ་དཔལ་ལྷ། མཛུབ་སྟོན་སློབ་དཔོན། བན་ཟུར་འཇིགས་མེད)