དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞིང་གྲོང་གི་གླུ་དབྱངས་སྙན་མོ་ཏང་ལ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྨྱུག་གསར།   |     སྤེལ་དུས།  2023-10-01

    གངས་ལྗོངས་ཀྱི་ས་སྨུག་པོའི་ཁྱིམ་གཞིས་དོ་ར་ན་ཀུན་གྱིས་རྡོག་སྒྲ་གཅིག་མཚུངས་དང་སེམས་པ་གཅིག་མཐུན་གྱིས་སེམས་ཁོང་དྭངས་མའི་འོད་དབྱིབས་ནར་མོ་ཏང་ལ་ཕྱོགས་བཞིན་མཆིས། འོ་མའི་མཚོ་ལས་འཁྱིལ་བའི་ཡུལ་ལུང་དུ་གནའ་སྔ་མོའི་ཡུལ་སྲོལ་རིག་གནས་ཀྱི་བསྟན་པ་དར་ཞིང་དེང་རབས་ཚན་རིག་ལག་རྩལ་གྱི་ཉིན་བྱེད་་་ཤར། རིགས་མི་འདྲ་བའི་བསྟོད་དབྱངས་སྙན་པོ་གངས་རིའི་རྩེ་མོར་འཁྱུད་ནས་པེ་ཅིང་ཕྱོཌ་སུ་ལྷང་ལྷང་གྲགས།

    གུང་གསེང་རིང་ཕ་ཡུལ་དུ་སླེབས་མ་ཐག་སྤྱན་གྱི་མདུན་དུ་བཤམས་པ་ནི་ཡུལ་གྱི་རྣམ་པ་གསར་པ་དང་། ཁང་པ་ཉིས་ཐོག་སྟེང་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་རེད། རླུང་གིས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དེ་མིག་ལམ་དུ་འཆར་དུས། ངའི་ཡིད་ངོར་ཐོག་མར་འཆར་བ་ནི་ལོ་དེའི་ཟླ་8པའི་ཚེས་28དང་29ཉིན་ཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནང་དོན་རེད། དེར“ཕྱོགས་ལྔ་གཞི་གཅིག”དང་“ཕྱོགས་ཡོངས་བཞི”བཅས་ཀྱི་ནང་དོན་དང་དེ་ལག་བསྟར་དོན་དུ་འཁྱོལ་བའི་ནང་དོན་འཁོད་ཡོད། དེ་ནས་ཕ་ཡུལ་དུ་བསྡད་ནས་ཉིན་ཤས་སོང་བའི་རྗེས་སུ་རང་ཡུལ་དུ་ཚོགས་འདུ་རབ་དང་རིམ་པ་འཚོག་བཞིན་འདུག་ཅིང་། ཚོགས་འདུའི་ནང་དོན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རེད།

    ངའི་ཕ་ཡུལ་གྱི་མི་རྣམས་ལ་བསམ་བློ་རྣལ་མ་ཞིག་ལྡན་ཡོད་པས་གྲོང་ཚོ་གཞན་གྱིས་མིག་དཔེར་འཛིན་བཞིན་ཡོད། གང་ཡིན་ཟེར་ན། ང་ཚོའི་གྲོང་ཚོར་འཆམ་མཐུན་འབྱོར་ཕྱུག་དང་ཤེས་དཔལ་མཛའ་མཐུན་གྱི་་མཛེས་སྡུག་རྣམ་པས་ཁེངས་ཡོད་ལ། ཡུལ་མི་ཚོར་གཞན་དང་མི་འདྲ་བའི་སློབ་སྦྱོང་གི་བསམ་བློ་ཡང་དག་ཡོད་པ་དང་། ཁོང་ཚོས་ཏང་གི་བཀའ་དྲིན་ཡིད་ལ་བཅངས་ནས། སྲིད་ཇུས་བཟང་པོའི་འོག་རང་གི་ལག་ཟུང་དྲོན་མོའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བཏོད་དང་གཏོད་བཞིན་ཡོད། ཕ་ཡུལ་གྱི་རྣམ་པར་མཚོན་ན་ཡང་། སྔོན་གྱི་ལམ་འབར་འབུར་དེ་མིན་པར་རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་བཏིང་ཡོད་པས། ད་ཆ་གྲོང་ཚོ་ནས་གྲོང་རྡལ་བར་ལའང་ཆུ་ཚོད་གཅིག་གཉིས་ལས་མི་དགོས་པས། མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་ཧ་ཅང་བདེ་བ་དང་། མི་ཚང་མང་པོར་སྒེར་འཁོར་ཡོད་པས་སྔོན་ཆད་བཞིན་ལམ་ཟུར་དུ་ལངས་ཏེ་ལག་པ་གཡུག་གཡུག་བྱེད་དགོས་མེད། དེ་ནི་གཞུང་ལམ་གྱིས་ང་ཚོར་གནང་བའི་སྟབས་བདེ་ཡིན་ལ། རིམ་ཁག་སྲིད་གཞུང་གིས་མང་ཚོགས་ལ་བསྐྲུན་པའི་སྟབས་བདེའང་ཅི་ལ་མིན།

    དེ་བས་སྤྱི་ཚོགས་བྱ་འཕུར་བ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱང་རིམ་གྱིས་སད་དེ། ཡུལ་མི་མང་པོས་ངལ་བ་དང་དུ་ལེན་བཞིན་ཤེས་བྱའི་རྒྱ་མཚོར་བརྩོན་འགྲུས་ཀྱི་རྐྱལ་རྩལ་ངོམ་པར་བྲེལ་བཞིན་ཡོད་ལ། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་གྱི་སླད་དུ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་རང་གི་བུ་ཕྲུག་སློབ་གྲྭར་གཏོང་བཞིན་མཆིས། ལྷག་པར་དུ་ངའི་སྣང་བར་ཕ་ཡུལ་གྱི་མང་ཚོགས་རྣམས་སློབ་སྦྱོང་དང་ལས་ཀ་ཅི་ཞིག་ལ་འཇུག་ཀྱང་ཚ་ཚ་འུར་འུར་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ཚང་མས་སེམས་པ་དམར་པོ་མ་ཡུམ་ཏང་ལ་ཕྱོགས་ནས་གོང་འོག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འཐབ་བྱས་མཐར། རང་གྲོང་ཚོས་ཀྱང་བོད་ཀྱི་གྲོང་ཚོ་གཞན་དང་འདྲ་བར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཡོད། དེ་དག་ནི་རླབས་ཆེན་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་པས། རླབས་ཆེན་ཏང་གིས་དམངས་ཀྱི་སླད་དུ་བཏོན་གནང་བའི་དམངས་འཚོར་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པས་མང་ཚོགས་ཀྱི་ལུས་སེམས་ཧྲིལ་པོ་དྲོ་སོབ་སོབ་ཏུ་བཏང་ཞིང་། ཏང་གི་བཀའ་དྲིན་ཚོར་དུས། དམངས་ཀྱིས་ཏང་ལ་དགའ་ཞེན་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་ཇེ་ཆེར་འཕེལ།

    ནམ་རྒྱུན་གྲོང་ཚོའི་ཀྲུའུ་རེན་དང་རྒན་རྒོན་རྣམས་ཀྱིས་སྤྱི་ཚོགས་རྙིང་པའི་སྐོར་གླེང་རིམ་བཞིན་ངའི་མིག་མཐའ་མཆི་མས་བཀང་ཞིང་སྣ་ཁུང་ཟུང་ལའང་ན་ཟུག་བཏང་འོང་། ཁོང་རྣམ་པས་གླེང་བའི་སྤྱི་ཚོགས་རྙིང་པའི་དཀའ་སྡུག་རྣམས་དྲན་དུས། ངས་རང་ཉིད་ནི་སྤྱི་ཚོགས་གསར་པར་སྐྱེས་པའི་མི་བསོད་ནམས་ཅན་ཞིག་ཡིན་ཨང་སྙམ་བཞིན་དགའ་ཚོར་དང་སྤོབས་སེམས་བླ་ལྷག་ཏུ་སྐྱེས་འོང་།

    གཟིགས་དང་། ད་ཆ་མཁའ་ལམ་དང་ལྕགས་ལམ་གཞུང་ལམ་སོགས་ཅི་དགོས་ཚང་ཞིང་། སྨན་ཁང་སློབ་གྲྭ རྒན་གསོ་ཁང་སོགས་ཆ་རྐྱེན་གཅིག་ལས་གཅིག་ཡག་པ། བརྡ་རྟགས་དང་དྲ་བ་སོགས་གང་སར་ཁྱབ་པ། མང་ཚོགས་ཀྱི་སྡོད་ཁང་ཀླུ་ཡི་ཕོ་བྲང་ཇི་བཞིན་གཅིག་ལས་གཅིག་བཀོད་པ་ལེགས་ལ་དཀར་ཆ་དོད་པ་མི་འདུག་གམ། དེ་དག་ཐམས་ཅད་ནི་ཏང་གི་ཐུགས་རྗེའི་བཀའ་དྲིན་འབའ་ཞིག་ལས་བྱུང་བ་ཡིན་པས། ངས་རྒྱལ་སྟོན་གྱི་སྐབས་དང་བསྟུན་ནས། ཏང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། རང་རེའི་རྒྱལ་ཁབ་འདི་ཉིད་སྔར་བས་སྟོབས་འབྱོར་རྒྱས་པ་དང་། དམངས་ཀྱི་འཚོ་བ་སྔར་བས་སྐྱ་ནམ་རྒྱས་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།