དྲན་སེམས་ཀྱི་ཐེམ་སྐས།
གཅིག
ལོ་དེར་ཕ་ཡུལ་དང་བྲལ་དུས། ང་རང་ནི་སྡོང་རྩེ་ནས་ལྷུངས་ཏེ་རླུང་བུས་གང་སར་འཁྱེར་བའི་འདབ་ལོ་ཞིག ཕ་ཡུལ་ནས་བྲལ་དུས། ང་རང་མ་འོངས་པར་ཡུལ་ལུང་སྐོར་མཁན་གྱི་འཁྱམ་པོ་ཞིག་ཏུ་གྱུར་འགྲོ་སྙམ་པ་བསམ་པའི་ཡུལ་ལ་ཡང་འཁོར་ག་ལ་སྲིད། མི་ལོ་དེ་འདྲའི་མང་པོ་ཞིག་ལ། བདག་གི་མི་ཚེར་བསམ་ཚོད་ལས་འདས་པའི་འགྱུར་ལྡོག་མང་པོ་བྱུང་ཞིང་། བདག་རང་སྔར་རྒྱུན་བཞིན་ཁ་ཕྱོགས་མེད་པའི་རླབས་ཀྱིས་དེད་པའི་གྲུ་ཆུང་བཞིན་དུ། རྨི་ལམ་དུའང་འཆར་མྱོང་མེད་པའི་ཡུལ་ལུང་མང་པོར། ལོ་ཟླའི་རི་མོ་གསལ་བའི་རྐང་རྗེས་འགོད་ལ་བྲེལ། ང་རང་ཕ་ཡུལ་ལ་ལོག་དུས། ཕ་ཡུལ་ནི་སྐྲ་དཀར་དང་གཉེར་རིས་མང་བའི་ང་རང་བཞིན་དུ། དུས་བཞིའི་གཏམ་རྒྱུད་ཁྲོད་དུ་རིམ་གྱིས་སེམས་ཐག་ཉེ་ཡང་ངོ་ཐག་ཆོད་དཀའ་བའི་གཞན་ཡུལ་ཞིག་ལ་གྱུར་ཟིན།
གཉིས།
ལོ་དེར་ང་རང་ཨ་མ་དང་བྲལ་དུས། ཨ་མ་ནི་ལང་ཚོའི་དཔལ་ཡོན་རྒྱས་ཤིང་བྱམས་སེམས་བླ་ལྷག་ཏུ་ཆེ་བའི་མི་ཡུལ་གྱི་ལྷ་མོ་དེ་རེད། ལོ་དེར་ངས་ཐེངས་དང་པོར་ཉི་འོད་ལྟར་དྲོད་སྣང་གིས་གང་བའི་ཨ་མའི་པང་ཁ་ལས་བྲལ་ཏེ། ཨ་མའི་མངགས་གཏམ་རུམ་གང་བཟུང་ནས་ཐག་རིང་ལ་ཐོན། ཨ་མ་དང་བྲལ་དུས། ང་རང་ནི་ཐང་ལ་བསྐྱུར་བའི་བྱིའུ་ཕྲུག་བཞིན། ངས་མ་འོངས་པར་རང་ཉིད་ནི་ཨ་མ་མེད་པའི་བུ་ཆུང་ཞིག་ལ་གྱུར་སྙམ་པ་གཏན་ནས་བསམ་མ་མྱོང་། ལྟོ་རྒྱབ་དང་མདུན་ལམ་གྱི་ཆེད་དུ་གཞན་ཡུལ་མང་པོ་བསྐོར་རྗེས། ཨ་མ་ནི་དགུང་སྔོན་མཐོན་པོའི་ཉི་ཟླ་དང་འདྲ་བར་དྲོད་འཁོལ་དང་འོད་སྣང་རྟག་ཏུ་ཚོར་ཡང་མཇལ་འཕྲད་དཀའ། ང་རང་ནམ་ཞིག་ལྟེ་ཁྲག་འཐོར་སའི་ཕ་ཡུལ་ལ་འབྱོར་དུས། ཨ་མ་ནི་འཇིག་རྟེན་གཞན་ལ་བཞུད་ཟིན་པའི་རྨི་ལམ་གྱི་མགྲོན་པོ་ཞིག་རེད་འདུག
གསུམ།
ལོ་ཟླ་དེ་དག་རིང་། བྲེལ་ཟིང་གི་ཁྲོད་དུ་གཞན་ཡུལ་འགྲིམས་ཤིང་། ལོ་ཟླ་དེ་དག་རིང་། བྲེལ་ཟིང་གི་ཁྲོད་དུ་ངས་རང་ཉིད་དང་ཕ་ཡུལ་བོར་ལ་ཉེ། ལོ་ཟླ་དེ་དག་རིང་། ཅི་ཞིག་ཐོབ་འདོད་ཀྱི་ཧམ་སེམས་སྤྲིན་ནག་བཞིན་དུ་འཐིབས་ཤིང་། ཅི་ཞིག་ཡིན་མདོག་གི་ཚུལ་འཆོས་ཀྱི་ངོ་འབག་མཐུག་པོར་གྱོན་གྱོན་ནས། དོན་དུ་རང་ཉིད་ཕ་མའི་དྲན་སེམས་དང་གཉེར་རིས་ལྷན་དུ་རྒས་བཞིན་ཡོད་པ་གཏན་ནས་མ་རྟོགས་ལ། ཨ་མའི་པང་ཁ་དང་འདྲ་བའི་ཕ་ཡུལ་དང་། བྱིས་དུས་ཀྱི་རྩེད་ར་དང་འདྲ་བའི་འཚོ་བ་དང་རིམ་གྱིས་གྱེས་ཏེ། ཕ་ཡུལ་ལ་ཕྱིར་ལོག་དཀའ་བའི་ཐག་རིང་གི་གནས་ཤིག་དང་། དྲིན་ཅན་གྱི་ཕ་མ་གཉིས་དང་རིམ་གྱིས་བྲལ་བའི། འཇིག་རྟེན་དཀར་ངོགས་གཉིས་ཀྱི་ལམ་ཐིག་འབྲི་བཞིན་ཡོད་པ་ཡེ་ནས་མ་རྟོགས།
བཞི།
ལོ་དེར་ཕ་ཡུལ་དང་བྲལ་དུས། བདག་ལ་སེམས་སྡུག་གིས་སྐྱེལ་མ་གནང་མཁན་ནི། བདག་ལ་རབ་ཏུ་བརྩེ་བའི་དྲིན་ཅན་གྱི་ཕ་མ་གཉིས་ལོས་ཡིན། ངས་དེ་ལྟར་ཡུལ་ལུང་མང་པོའི་གཏམ་རྒྱུད་ཉན་ཞིང་། མངར་སྐྱུར་གྱི་ལམ་ཐག་སྣ་ཚོགས་གོམ་པས་འཇལ་ཏེ། འཚོ་བ་ཟེར་བའི་སྒྱུ་མ་མཁན་དེའི་ནང་སེམས་ཀྱི་འཇིག་རྟེན་ལ་ཐེངས་མང་མྱུལ་མཐར། ཨ་ཐང་ཆད་པའི་སེམས་ལ་ངལ་གསོ་བྱེད་དུས། སེམས་ཁོང་རུས་པའི་གཏིང་ནས་བརྗེད་ཐབས་མེད་པ་ནི་ཐག་རིང་དུ་ལུས་པའི་ཕ་ཡུལ་ཡིན། ཕ་ཡུལ་ལ་འབྱོར་དུས། བདག་ལ་བསུ་མ་གནང་མཁན་ནི་འགྱུར་ལྡོག་མང་བའི་ཕ་ཡུལ་དང་མཇལ་ཐབས་མེད་པའི་ཕ་མའི་ཞལ་རས་ཡིན་པས། སྐབས་དེར་རང་ཉིད་ནི་ཕ་མ་དང་ཕ་ཡུལ་མེད་པའི་ཐག་རིང་གི་མགྲོན་པོ་ཞིག་ཡིན་པ་གཞི་ནས་རྟོགས།
ལྔ།
ཆུང་དུས་ཕ་ཡུལ་དང་བྲལ་དུས། ངའི་སེམས་ནང་ཕ་ཡུལ་ནི་ཙི་ཁུང་ཙམ་གྱི་རྩེད་ར་ཆུང་ཆུང་ཞིག་རེད། ཡུན་རིང་རང་ཡུལ་བསྐྱུར་ཏེ་གཞན་ཡུལ་པང་དུ་ལེན་དུས། ངའི་སེམས་ནང་ཕ་ཡུལ་ནི་སེམས་ངལ་གསོ་སའི་ཨ་མའི་པང་ཁ་དྲོན་མོ་དེ་དང་། ལུས་ངལ་གསོ་སའི་གནས་ཁང་སྐྱིད་པོ་དེ་ལགས། ཆུང་དུས་ཕ་ཡུལ་དང་བྲལ་དུས། ཕ་ཡུལ་ནི་ཞེན་ཆགས་མེད་པའི་ལུང་ཁུག་གི་གྲོང་ཚོ་ཆུང་ཆུང་ཞིག་རེད། ངས་གང་མགྱོགས་ཕ་ཡུལ་བསྐྱུར་ཏེ་ཐག་རིང་ལ་འགྲོ་ཨེ་ཐུབ་ལ་འབད། ཡུན་རིང་གཞན་ཡུལ་འགྲིམ་དུས། ཕ་ཡུལ་ནི་སེམས་ལ་འཁྲེང་བའི་ཨ་མའི་འཛུམ་ཞལ་དེ་རེད། ཉིན་མོའི་འཚོ་བའི་ཁྲོད་དུ་ཕ་ཡུལ་དྲན་ཞིང་། མཚན་མོའི་རྨི་ལམ་དུ་ཡང་ཕ་ཡུལ་ཁོ་ན་རྨིས་ཡོང་།
དྲུག
ནམ་ནམ་ཕ་ཡུལ་དྲན་དུས། རང་སེམས་ལ་རླབས་རྒྱུན་ལྟ་བུའི་བྲེལ་ཤ་ཞིག་ལངས་ཤིང་། ཞར་ཞར་ཕ་མ་དྲན་དུས། སེམས་ཀྱི་མཁའ་རུ་སྨུག་སྤྲིན་ལྟ་བུའི་སྐྱོ་སྣང་ཞིག་འཁྲིགས་འོངས། མི་ལོ་དེ་དག་ནང་། ངས་མི་ཚེའི་ལམ་ཆུང་སྟེང་དུ་བསྐྱུར་བའི་རྐང་རྗེས་དེ་དག མི་ལོ་དེ་དག་ནང་། ངས་འཚོ་བའི་སྤང་ཁུག་ནས་བཏོགས་པའི་དྲན་པ་དེ་དག དབྱར་གཞུང་གི་མེ་ཏོག་དང་མཚན་གུང་གི་སྐར་ཚོགས་བཞིན་དུ། ངའི་ནམ་ཟླའི་གཉེར་རིས་དང་སྐྲ་དཀར་ཁྲོད་དུ་རིམ་བཞིན་སྨིན་དུས། ཧམ་སེམས་དང་དཀའ་སྡུག་ཁྲོད་དུ་ཐོབ་པ་ལས་ཤོར་བ་མང་བའི་མི་ཚེའི་ལམ་འཕྲང་དེ་ནས། ངས་ཕ་ཡུལ་དང་ཕ་མའི་ཕྱོགས་ལ་རང་སེམས་སྨྲེང་བའི་སྐྱོ་གླུ་དབང་མེད་ཤོར་འགྲོ།
བདུན།
ཕ་ཡུལ་དང་ཕ་མ་གཉིས་ལ་བཅངས་པའི་དྲན་སེམས་མང་པོ། དགུན་གྱི་ཁ་བ་དང་དབྱར་གྱི་སྦྲང་ཆར་བཞིན་དུ་སེམས་ཁམས་སུ་འཇོ་ཞིང་རྨི་ལམ་གྱི་ཞིང་དུ་སྟོན་འབྲས་བཞིན་སྨིན་དུས། མི་ཚེ་ཟེར་བའི་སྨིག་རྒྱུ་དང་འཇའ་ཚོན་འདྲ་བའི་རི་མོ་དེ་བཞིན། མི་རྟག་འཁྲུལ་སྣང་ཡིན་པའི་ངེས་ཤིས་ཤིག་རང་བཞིན་དུ་རྙེད་འོང་། ངས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཞིང་ཕ་མ་གཏན་དུ་བྲལ་བའི་མི་ཚེའི་གཏམ་རྒྱུད་འདི་གླེང་དུས། ད་ནི་ང་རང་ཡང་གཞན་ཡུལ་པང་དུ་བཏབ་པའི་ཕྲུ་གུའི་ཕ་ཞིག་ཡིན་ཙ་ན། ཕ་ཡུལ་དང་ཕ་མའི་ཕྱོགས་ལ་ཕྱིར་བཟློག་དཀའ་བའི་ནམ་དུས་འདི་ལ། ངས་ཕ་མ་བུ་ཚ་མཉམ་མཉམ་རུབ་རུབ་ཀྱི་ངང་དུ། ལྷོ་ཕྱོགས་ལ་འཕུར་བའི་མཁའ་དབྱིངས་ཀྱི་བྱ་ཚོགས་དེ་དག སེམས་ལ་རྨ་ཁ་གཏོད་པའི་ཡིད་འོང་གི་མཛེས་རིས་ཤིག་ལ་མཐོང་སོང་།
བརྒྱད།
སྦྲང་ཆར་བབས་སོང་། ཆར་རྗེས་ཀྱི་འཇའ་ཚོན་ལྷན་དུ་འཆར་འོང་བ་ཨ་མའི་འཛུམ་ཞལ་རེད། མི་ཡུལ་ལས་བྲལ་བའི་བདག་གི་ཨ་མས། མཁའ་མཐའི་འཇའ་ཚོན་གསེང་ནས་ང་ལ་གཟིགས་བཞིན་འདུག བྱམས་དང་བརྩེ་བས་ཕྱུག་པའི་འཛུམ་ཞལ། ཁོང་ཉིད་སྐུ་ན་གཞོན་དུས་དང་འདྲ་བར་ལང་ཚོའི་གཟི་བྱིན་རབ་ཏུ་འབར། ཕ་ཡུལ་གྱི་འོ་མདོང་མེ་ཏོག་བཞིན་དུ་རྣམ་པར་བཀྲ་བའི་མ་ཡུམ་གྱི་འཛུམ་མདངས། ངའི་རྨི་ལམ་གྱི་སྤང་ཁུག་ཏུ་བཞད་པ་གྲངས་མེད་རེད། ཁ་བ་འཚུབ་སོང་། ཟུར་དྲུག་འདབ་མའི་གསེང་ནས་ཡབ་ཆེན་གྱིས་བདག་ལ་ཅེར་བཞིན་འདུག དཀར་གཙང་ཁ་བས་བརྩེགས་པའི་ཕ་ཡུལ་གྱི་གངས་རི་དཀར་པོ། ཡབ་ཆེན་གྱི་སྙིང་སྟོབས་བཞིན་དུ་རབ་ཏུ་བརྟན།
དགུ།
ཉིན་ཞིག་མེ་ལོང་ནང་ནས་རྒས་ཉམས་ཀྱིས་ཕྱུག་པའི་རང་གཟུགས་གློ་བུར་དུ་མཐོང་དུས། ངས་རང་ཕྲུག་སྒོ་ང་བཞིན་དུ་སྐྱོང་བའི་ཕ་མ་དྲན་ཞོར། སྔོན་ཆད་དཀར་ནག་ཕྱུགས་ཟོག་གིས་རྐང་བྲོ་རྡུང་ཞིང་། འབའ་སྒྲ་དང་ངུར་སྒྲས་རི་ཀླུང་གང་བའི་ཕྱུགས་རིགས་ཀྱི་ཕ་ས་སྣུམ་པོ་སྟེ། ཕ་ཡུལ་གྱི་རྩྭ་ཐང་ལྷང་ངེར་དྲན། ང་རང་རྒས་ཞོར་ཕ་ཡུལ་གྱི་རྩྭ་ཐང་ཡང་རྒས་བཞིན་ཡོད་དམ། དྲིན་ཅན་གྱི་ཕ་མ་མཁའ་མཐའི་འཇའ་ཚོན་བཞིན་དུ་ཆ་མེད་ལ་ཡལ་རྗེས། ཆུང་དུས་ཀྱི་རྩེད་ར་གྲུ་བཞི་ལོ་ཟླའི་ཐལ་རྡུལ་གྱིས་བསྒྲིབས་ཡོད་དམ། གཞན་ཡུལ་ལྟ་བུའི་ཕ་ཡུལ་གྱི་རྩྭ་ཐང་དུ། ད་གཟོད་ཅི་ཞིག་ལྷག་ཡོད།
བཅུ།
ཕ་མ་གཤེགས་ཤུལ་དུ་ང་ཚོ་རྒས་བཞིན་ཡོད་ལ། ང་ཚོ་རྒས་ཤུལ་དུ་བུ་ཚ་རྣམས་འཚར་བཞིན་ཡོད། ང་རང་རྒས་དུས། ཕ་ཡུལ་ལ་བཅངས་པའི་དྲན་ཤེས་ཐེམ་སྐས་མཐོན་པོ་ཞིག་དང་འདྲ་བར། ལོ་ཟླའི་གོམ་འགྲོས་དང་བསྟུན་ཏེ་ཇེ་མཐོ་ནས་ཇེ་མཐོར་གྱུར་བས། ད་གཟོད་ངས་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པའི་གཏམ་དེ་ལས་བདེན་པ་ཞིག་གང་ན་ཡོད་སྙམ། ཕ་མ་བཞུད་ཅིང་ཕ་ཡུལ་ལ་འགྱུར་ལྡོག་ཇི་ཙམ་ཆེ་ན་ཡང་། དྲན་ཤེས་ནང་གི་ཕ་ཡུལ་ནི་རླབས་ཀྱི་ཟེགས་མ་བཞིན། ང་ཡི་སེམས་ཁམས་ཀྱི་མཚོ་ཁ་ན་ཡང་ཡང་དྲག་ཏུ་འཕྱོ་བས། སེམས་ཀྱི་གཏིང་རིམ་ནས་བརྗེད་ཐབས་བྲལ་བའི་ཕ་ཡུལ་དང་། ཕ་མ། ཐག་རིང་གི་གཞན་ཡུལ་འདི་ནས། ངས་དགུང་སྔོན་མཐོ་པོའི་ཉི་ཟླ་བཞིན་དུ་ཡང་ཡང་སྒོམ་བཞིན་ཡོད། དྲན་བཞིན་ཡོད།