དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྱ་ཀ་དང་ཁྭ་ཏའི་ཀླན་ཀ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཅན་གླག་མིག   |     སྤེལ་དུས།  2023-09-24

    ཟླ་དྲུག་པའི་ཅང་ཤེས་ལུང་པའི་རི་ལུང་ཐང་གསུམ་དང་ཕྱོགས་བཞི་མཚམས་བརྒྱད་དུ། རྟ་ཕོའི་འཚེར་སྐད་དང་། ལུ་གུའི་འབའ་སྒྲ། བྱ་བྱེའུ་ཡི་གྲེ་འགྱུར། མེ་ཏོག་གི་དྲི་བསུང་། ཆུ་ཕྲན་གྱི་བཞུར་སྒྲ་སོགས་ཀྱིས་རབ་ཏུ་ཁེངས་འདུག

    སྐྱ་ཀ་ནི་ནམ་རྒྱུན་ལྟར་ཞོགས་པ་སྔ་མོར་ལངས་ནས་ཅང་ཤེས་སློབ་ཆུང་གི་ཕྱོགས་སུ་འཕུར་བ་དང་། སློབ་གྲྭའི་སྒོ་འགྲམ་དུ་བསྐོར་བ་ལན་འགར་བརྒྱབ་རྗེས། གཤོག་འགྱུར་ངོམ་བཞིན་སློབ་གྲྭའི་ཇ་ཁང་གི་ཐོག་ཁར་བབས།

    ནམ་རྒྱུན་ཡིན་ན་ད་ལྟའི་དུས་ཚོད་ལ་སློབ་མ་ཚོ་སློབ་གྲྭའི་ཇ་ཁང་གི་ཉེ་འགྲམ་ནས《ཆུ་ཤིང་བསྟན་བཅོས》བློ་འཛིན་བྱེད་པའི་དུས་ཡིན་པས། ཁོ་རང་ཁྭ་ཏ་ནག་ཆུང་དང་ལྷན་དུ་སློབ་མ་རྣམས་ཀྱི་དཔེ་ཀློག་གི་གདངས་དབྱངས་སྙན་མོ་ལོངས་སུ་སྤྱོད་ཀྱིན་ཁ་ལ་ཟ་རྒྱུ་དང་སེམས་ལ་ཉར་རྒྱུ། བློ་ཡིས་དཔྱད་རྒྱུ་མང་པོ་ཡོད་མོད། འོན་ཀྱང་དེ་རིང་ཏག་ཏག་རེས་གཟའ་པ་སངས་དང་སྐབས་འཁེལ་བས། སློབ་གྲྭའི་ནང་དུ་སློབ་མ་གཅིག་ཀྱང་མི་འདུག སྐྱ་ཀས“དེང་སང་གི་བྱིས་པ་འདི་ཚོ། གསེར་ལས་དཀོན་པའི་ཟ་མ་འཕྲོ་བརླག་ཏུ་གཏོང་ཤུགས་ཚབས་ཇེ་ཆེ་ནས་ཇེ་ཆེ་རེད། ང་ཡོད་པས་འགྲིག་སོང”ཟེར་བཞིན། སྐབས་འགར་ཇ་ཁང་མདུན་གྱི་མོག་མོག་ཟ་འཕྲོར་མཆུ་ཏོས་བསྣུན་པ་དང་། སྐབས་འགར་མགོ་བོ་བཏེགས་ནས་ནམ་མཁར་ལྟ་བར་གཞིགས་ན། སུ་ཞིག་ལ་སྒུག་འདུག་པ་དང་དབྱེར་མ་མཆིས།

    གློ་བུར་དུ། ཁྱི་རྒན་ཞིག་སྐྱ་ཀའི་མདུན་ནས་ཕར་ལ་བརྒྱུགས་སོང་བས། སྐྱ་ཀའི་ངག་ནས་རང་དབང་མེད་པར“གནམ་རྒན་མ”ཞེས་ཤོར་ཞིང་། འཕུར་མ་ལྡིང་གིས་རང་ཚང་དུ་ལོག་འགོ་བརྩམས།

    ལམ་བར་དུ་སྐྱ་ཀས“དེ་རིང་ཡིན་ན་ཁྭ་ཏ་ནག་ཆུང་མེད་པས་སྟབས་ལེགས་སོང་། དེ་མིན་ན་བྱ་ངན་དེས་ཁྱོད་རང་ཁྱི་གུ་མཐོང་ནའང་སྐྲག་ནས་འཕུར་འགྲོ་བའི་བཀྲ་ཤིས་པའི་བྱ་ཞིག་རེད་ཅེས་འཕྱ་ངེས”སྙམ་བཞིན་ཁྭ་ཏའི་སྒོ་ཁར་བབས།

    བསམ་ཡུལ་ལས་འདས་པ་ཞིག་ལ་ཁྭ་ཏ་ཁ་སང་ལྟར་གཏི་མུག་གཉིད་ལ་རོལ་ནས་བསྡད་མེད་པར་རི་བོང་དང་མཉམ་དུ་བྱ་བྱེའུ་དང་འབའ་འབུ་སྲོག་ཆགས་རྣམས་ཀྱི་འདས་མ་ད་གསུམ་དང་། སྒོས་སུ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བཟོས་པའི་གནོད་འཚེའི་ཐད་ནས་ཁ་བརྡ་བྱེད་ཀྱིན་འདུག་པས། སྐྱ་ཀས་མགྲིན་པ་གཟེངས་སུ་བཏེགས་ནས་གླུ་འདི་སྐད་བླངས་སོ།།

    ཨ་རོགས་མདུན་གྱི་ཁྭ་ཏ་ནག་རིལ་མ། །

    མཁས་གཏམ་མ་ཤོད་ང་ཡི་གཏམ་ལ་ཉོན། །

    མི་ཡིས་ཅི་བྱས་ང་ཚོར་འབྲེལ་བ་མེད། །

    ཟོག་གི་ལས་དབང་ང་ཚོར་འབྲེལ་བ་མེད། །

    འུ་ཅག་གཉོམ་ཆུང་བྱ་བྱེའུ་རིགས་ཡིན་པས། །

    གཞན་ལ་ཕོག་ཐུག་མི་གཏོང་བཏང་སྙོམས་འཇོག །

    བཤད་ན་མི་ལ་གཏམ་བཟང་ཁོ་ན་ཤོད། །

    དེ་མིན་སྐད་ཆ་ཉག་ཉོག་ཤོད་མང་ན། །

    ཀུན་གྱིས་ཁྱོད་རང་གདོན་དུ་སྒོམ་ལ་སོམས། །

    ངན་པ་གསང་ནས་གཞན་ལ་མི་ཤོད་པ། །

    དོན་དུ་རང་གི་རླུང་རྟ་དར་བའི་ཆེད། །

    ཨེ་ཤེས་ཨེ་གོ་ཁྭ་ཏ་ནག་རིལ་མ། །

    མི་ཤེས་ཟེར་ན་ང་ལ་འདྲི་རུ་ཤོག །

    མིན་དོ་ཟེར་ན་རང་གིས་གང་འདོད་གྱིས། །

    ཁྱོད་རང་འགྱོད་དུས་འཕྱི་འདུག་ཁྭ་ཏ་ལགས། །

    ཟེར་བའི་གླུ་འདི་ཐོས་མ་ཐག ཁྭ་ཏས་མགོ་བོ་འཕྲེད་དུ་གཡུག་ཞོར་དུ།

    ཀྱེ་མ་ཨ་ནེ་སྐྱ་ཀ་སྤོ་མ་ལངས། །

    མི་ཡིས་ཅི་བྱས་ང་ཚོར་འབྲེལ་བ་ཡོད། །

    ཟོག་གིས་ཅི་བྱས་ང་ཚོར་འབྲེལ་བ་ཡོད། །

    རྒྱུ་མཚན་ང་ཚོའི་ཕ་ཡུལ་གཅིག་མཚུངས་ཡིན། །

    ངས་ནི་བསམ་གཟས་གཞན་སྐྱོན་གླེང་བ་མིན། །

    བདེན་དོན་དྲང་གཏམ་མ་གསང་བཤད་པ་དེས། །

    བཏང་སྙོམས་ལས་ལ་རྐྱེན་ངན་ཐེབས་འགྲོ་ན། །

    དོན་དུ་དེ་ནི་བཏང་སྙོམས་ག་ལ་ཡིན། །

    རང་གི་མཚན་སྙན་ཡུན་དུ་བརྟན་ཆེད་དུ། །

    རྫུན་དང་གཡོ་སྒྱུ་གྲོགས་སུ་བསྟེན་དགོས་ན། །

    གསོན་པ་ལས་ཀྱང་འཆི་རྒྱུ་སླ་བ་ལགས། །

    ང་ལ་ཀུན་གྱིས་བྱ་ངན་ཟེར་བ་དེ། །

    ང་ལ་ཅི་སྐྱོན་མི་ཡི་རྣམ་རྟོག་རེད། །

    ཚང་མའི་ཁྲག་མདོག་དམར་པོ་ཤ་སྟག་རེད། །

    ཨེ་ཚོར་ཨེ་གོ་སྐྱ་ཀ་ཁ་མཁས་མ། །

    མི་ཚོར་ཟེར་ན་ང་ཡི་འགྲམ་ལ་ཤོག །

    ད་ནི་མི་ལ་མགོ་སྐོར་མ་གཏོང་རོགས། །

    མི་དེ་ཚོ་ཡང་ངོ་མ་སྙིང་རེ་རྗེ། །ཞེས་གླུ་ལན་དེ་ལྟར་བླངས།

    སྐབས་དེར་ནམ་མཁའ་ནས་འབྲུག་སྒྲ་ལྡི་རི་རི་གྲགས་ཤིང་། སྤྲིན་ནག་ལང་ལོང་དུ་འཁྲིགས་ནས་ས་གཞི་ཐམས་ཅད་ནག་མོག་མོག་ཏུ་གྱུར། ཅང་ཤེས་ས་ཆའི་རི་ལུང་ཐང་གསུམ་གྱི་བྱ་བྱེའུ་འབའ་འབུ་སྲོག་ཆགས་ཡོད་དོ་ཅོག་ཉྭ་ལྷེམ་ལྷེམ་གྱིས་རང་གི་ཚང་ལ་ལོག་པར་བྲེལ།

    སྐྱ་ཀ་ནི་སྔོན་ཆད་ནས་ད་བར་དུ་བཀྲ་ཤིས་པ་དང་རྟེན་འབྲེལ་འགྲིག་པའི་མཚོན་བྱེད་ཡིན་པས། བྱ་དང་བྱེའུ་གང་གིས་ཀྱང་སྐྱ་ཀ་མཐོ་སར་འཇོག་པ་དང་། སྐྱ་ཀ་ལ་སྔ་ས་ནས་རང་མཐོང་རང་ཆེའི་གཤིས་ཀ་ཞིག་ཆགས་ཡོད། འོན་ཀྱང་ད་ཐེངས་ཁྭ་ཏས་སྐད་ཆ་དྲང་མོར་བརྗོད་པ་དེས་སྐྱ་ཀའི་མཚང་ལ་ས་འགུལ་བྱུང་འདྲའི་གཡོ་འགུལ་ཆེན་པོ་ཐེབས་ཤིང་། སྐྱ་ཀས་ཅིས་ཀྱང་རང་ཉིད་མིང་དོན་གཉིས་ལྡན་གྱི“ལྷ་བྱ”ཞིག་ཡིན་པ་ར་སྤྲོད་དགོས་བསམ་བཞིན་སླར་ཡང་གླུ་བླངས་པ་འདི་ལྟར།

    ད་ཆོག་གི་ཁྭ་ཏ“གངས”འདྲ་བོ། །

    ཕྱི་ནག་པོ་སོལ་བ་འདྲ་བའི་རིགས། །

    ཁྱོད་མ་ཟད་ད་དུང་མང་མང་འདུག །

    དེའི་ཕྱོགས་ལ་སེམས་པ་ཕམ་མི་དགོས། །

    སྡུག་དགོས་པ་ཁྱོད་ཀྱི་ལྟ་ཚུལ་རེད། །

    དུས་དེང་སང་དྲང་བདེན་སྐྱག་རྫུན་རེད། །

    ལས་རྒྱུ་འབྲས་རླུང་ཁའི་སྒྲོན་མེ་ལགས། །

    ས་འཛམ་བུ་གླིང་གི་མི་གྲངས་དེ། །

    དགུང་སྐར་མ་ལས་ཀྱང་རིང་དུ་བརྒལ། །

    མདའ་འདྲ་བའི་སྐད་ཆ་བཤད་མཁན་སུ། །

    དུག་མེད་པའི་ལྷག་བསམ་རྣལ་མ་གང་། །

    ལས་རྒྱུ་འབྲས་བརྩི་བའི་གང་ཟག་སུ། །

    མ་འདྲ་བའི་གོ་ལ་སྲུང་མཁན་སུ། །

    འབུ་སྲོག་ཆགས་སྐྱོབས་པའི་མི་བུ་སུ། །

    བགྲང་འདོད་ཀྱང་དོན་མེད་དཀའ་ལས་རེད། །

    སྟོན་བསམ་ཡང་དཀོན་པོ་དཀོན་པོ་རེད། །

    ཁྱོད་གཅིག་པུས་འབད་འབུངས་བྱས་ན་ཡང་། །

    ཆེ་སྤྱི་ཚོགས་འགྱུར་བ་གཏོང་མི་ནུས། །

    གཏམ་མང་པོས་གཞན་སེམས་དཀྲུགས་པ་ལས། །

    ད་མ་ཎི་རེ་ཐོན་དང་དགེ་བ་ཆེ། །

    ངའི་ཁར་ཉོན་གྲོགས་པོ་ཁྭ་ཏ་ལགས། །ཞེས་སོ།།

    ཁྭ་ཏས་ཐལ་མོ་རྡེབ་བཞིན་རི་བོང་གི་ཕྱོགས་སུ་བལྟས་ནས་སྐད་ཆ་དྲང་མོ་རེ་ཤོད་རྒྱུའི་བརྡ་བསྟན་མོད། འོན་ཀྱང་རི་བོང་གིས་གང་ལ་ཡང་ཕོག་ཐུག་མི་གཏོང་བའི་བཏང་སྙོམས་བདམས་ཤིང་། མཐར་ཆར་ཆུར་སྐྲག་པ་ལ་ཁ་གཡར་ཏེ་དབུཌ་ཐེངས་གཅིག་གིས་ཁུང་ནང་དུ་འཛུལ།

    ཁྭ་ཏས། “མི་ཡི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད་ཟེར་བ་དེ་གནའ་བོའི་དུས་སུ་ཚད་མར་གྲུབ་ཀྱང་། དེང་སྐབས་མི་ཡི་རི་མོ་ནང་ལ་ཡོད་ཅིང་། ཟོག་དང་བྱ་ཡི་རི་མོ་ཡང་ནང་ན་འདུག”ཅེས་ཤོད་བཞིན་སྐྱ་ཀའི་ཕྱོགས་སུ་གླུ་འདི་སྐད་བླངས།

    ད་ཆོག་གི་ཨ་ནེ་སྐྱ་ཀ་ལགས། །

    ཁ་མཁས་པ་ཁྱོད་ཀྱི་མཚན་ཉིད་རེད། །

    སེམས་བཟང་བ་ཁྱོད་ཀྱི་ཁྱད་ཆོས་རེད། །

    ཡིད་རྨོངས་པ་ཁྱོད་ཀྱི་བར་ཆད་རེད། །

    ངའི་ཕྱི་ཚུལ་བཙོག་ཀྱང་སྐྱོན་ཅི་ཡོད། །

    ངའི་སེམས་པ་གངས་རི་དཀར་པོ་ཡིན། །

    སེམས་སྡུག་ནོ་ཁྱོད་འདྲའི་སྤྱོད་ལམ་རེད། །

    གང་ལྟར་ཀྱང་འདས་པ་འདས་སུ་ཆུགས། །

    དུས་ད་ལྟ་དམ་འཛིན་གང་ལེགས་བྱོས། །

    ལས་གང་ཞིག་འགྲིག་ན་རྒྱབ་སྐྱོར་བྱེད། །

    ནོར་སོང་ཚེ་མཛུབ་སྟོན་རོགས་རེས་བྱེད། །

    ནང་མཐུན་སྒྲིལ་བྱེད་ཅིང་དགྲ་ལ་འཐབ། །

    མགོ་ཡར་འཁོར་བཟང་ལ་སློབ་སྦྱོང་བྱེད། །

    ང་འདྲ་བའི་བྱ་ངན་ཐན་ལྟས་ཀྱིས། །

    གང་བྱས་ཀྱང་རྒྱབ་སྐྱོར་མི་ཐོབ་མོད། །

    ཁྱོད་འདྲ་བོས་རོགས་རམ་བྱོས་དང་གུས། །

    མདོར་དེད་ན་དྲང་བདེན་སྐྱོང་བ་དེ། །

    ང་རང་ཚོའི་ཕ་ཡུལ་འཕེལ་རྒྱས་སླད། །

    ནང་སྒོས་སུ་ང་ཚོའི་མཐུན་སྒྲིལ་ཆེད། །

    ང་རང་ཚོས་ནུས་ཤུགས་བཏོན་ན་བསམ། །

    རེད་འདོད་ན་སེམས་ལ་ཟུངས། །

    དེ་མིན་ན་དོར་ཀྱང་ཆོག །

    ཅང་མེད་པའི་བྱ་ངན་ང་། །

    ཅང་ཡོད་ནོ་ལྷག་བསམ་ཡིན། །ཞེས་གླུ་བླངས་རྗེས། འཛུམ་དམུལ་དམུལ་གྱིས་སྐྱ་ཀའི་གདོང་ལ་ལྟ་བཞིན། ནངས་ཇའི་འཕྲོ་མ་སྐྱ་ཀའི་སྔུན་ལ་བཞག་མུར། གཤོག་ཟུང་དལ་གྱིས་བརྐྱངས་ཏེ་རྒྱ་རྫོང་ནགས་ཀྱི་དབུས་ལ་འཕུར་སོང་ངོ་། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།