དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞེ་ལ་ཐོགས་པའི་ཁྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཨོ་རྒྱན་སྒྲོལ་མ།   |     སྤེལ་དུས།  2023-09-24

    གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་འདས་ཟིན་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་ཟླ་གང་མང་ཞིག་གི་ཕྱིར་དྲན་གྱི་ཀློང་ནས་ཁྱོད་རང་དྲན།

    གཉིད་མི་ཁུག་པའི་མཚན་མོ་རེ་རེར། དུས་ད་ལྟ་ཁོ་མོས་ཇི་ཙམ་བཙལ་རུང་རྙེད་དུ་མེད་པའི་ཁྱོད་རང་བཞུད་ཟིན་པར། བཟོད་མེད་ཀྱི་ཕངས་སེམས་སྐྱེ་བཞིན་ཁྱོད་ཉིད་དྲན།

    གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་མ་འོངས་པའི་བཀྲ་ཤིས་པའི་ལོ་ཟླ་གང་རུང་ཞིག་གི་དུས་ལ་སླར་ཡང་ཁྱོད་དང་མཉམ་དུ་འཛོམས་ཏེ། སྔར་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྟོང་བསམ་མངོན་དུ་འགྱུར་བའི་འཆར་ཡན་གྱི་ཀློང་ནས་རང་སེམས་རང་གིས་གསོས།

    གཉིད་མི་ཁུག་པའི་མཚན་མོ་རེ་རེར། ངས་ཁྱོད་ཀྱི་བྱམས་དང་བརྩེ་བ། དགའ་བ་དང་དུང་བ། བཀའ་དྲིན་བླ་ལྷག་གིས་བསྐྱངས་པའི་དྲོད་ཁོལ་དྲན། ལྷག་ཏུ་ང་ལ་གྱེས་ཁའི་བཀའ་མོལ་ཚིག་གཅིག་དང་བཅོལ་གཏམ་ཚིག་གཅིག་ཀྱང་མེད་པར་བཞུད་སོང་བར། སྨྲ་མི་ཤེས་པའི་ཕངས་སེམས་ཤིག་དང་བརྗོད་པར་དཀའ་བའི་དྲན་གདུང་གིས་བཅིངས་ཡོད།

    འཛོམས་པ་མི་ཡི་ལས་དབང་ཡིན་ལ་བྲལ་བ་འཁོར་བའི་ཆོས་ཉིད་དེ། འདི་ནི་མི་ཚེ་རེད་དེ། མི་ཚེའི་བགྲོད་རིམ་རེད། འདི་ནི་འཁོར་བ་ཡིན་ལ། འཁོར་བའི་ཆོས་ཉིད་དོ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།