དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་དྲན་པའི་ཀ་བཤད་བུང་བའི་གཤོག་རྡེབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཉི་མ།   |     སྤེལ་དུས།  2023-09-24

    ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོས་བུ་སློབ་མ་རིག་གཉིད་ལས་སད། །

    ཁ་བའི་ལྗོངས་འདིར་རིག་པའི་འོད་ཀྱིས་ཉོན་རྨོངས་སྒྲིབ་པ་མ་ལུས་གསལ། །

    ག་དུས་ཡིན་རུང་ཤེས་བྱའི་གནས་ལ་བརྩོན་འགྲུས་རྟ་ཕོས་སྐུལ་བཞིན་པའི། །

    ང་ཡི་དགེ་རྒན་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ། །

    ཅ་ཅོ་གཏམ་གྱིས་བསླུ་བྲིད་མེད་པར་ལྷག་བསམ་དཀར་པོས་སློབ་མ་ཚོར། །

    ཆ་ཤས་ཏིལ་འབྲུའི་ཤེས་བྱའི་གནད་ཀྱང་དཔེ་མཁྱུད་མེད་པར་སློབ་ཁྲིད་གནང་། །

    ཇ་ཆང་ལ་སོགས་རང་སྣང་འདོད་པའི་ལེ་ལོའི་དོང་དུ་མི་འདའ་བར། །

    ཉ་ཕྲུག་ཨ་མས་སྐྱོང་བ་ལྟར་གྱི་སློབ་བུར་ཤེས་བྱའི་བདུད་རྩི་སྦྱིན། །

    ཏ་ལེར་དབྱངས་ཀྱི་འགྱུར་ཁུག་སྙན་ཞིང་དོན་ལྡན་ཚིག་གིས་བརྒྱན་པ་ཡིས། །

    ཐ་དད་རིག་པའི་གཞུང་ལུགས་མ་ལུས་གསལ་སྟོན་སྒོ་མོ་རབ་ཕྱེས་ཏེ། །

    ད་ལོའི་ཐན་སྐྱོན་སྦྲང་ཆར་ཟིལ་མའི་བསིལ་འཇམ་བརྩེ་བས་འཇོམས་པ་ལྟར། །

    ན་གཞོན་སློབ་མའི་རྨོངས་པའི་མུན་པ་ཤེས་བྱའི་འོད་ཀྱིས་གསལ་བར་བྱེད། །

    པ་ལྕོག་མཐོན་པོར་བརྒྱབ་པའི་ཡ་མེད་སྤོབས་པ་མཐོ་བའི་ཉམས་དང་བྲལ། །

    ཕ་རོལ་ཡོན་བདག་རབ་ཏུ་མཉེས་པའི་མཐུ་དང་སྤོབས་པའི་གདེང་ཡང་མེད། །

    བ་འབྲིའི་འོ་ཞོ་ལོངས་སུ་སྤྱོད་པའི་ཚོགས་དང་བསོད་ནམས་ཁྱེད་ལ་མེད། །

    མ་འོངས་ཕ་ཡུལ་འཛུགས་སྐྲུན་སླད་དུ་ཁྱེད་ཀྱི་ཡོད་ཚད་སྐྱེས་སུ་ཕུལ། །

    ཙ་གི་ཙི་གིའི་གནོག་ཆུང་བྱ་བར་མགོ་བོ་གདུགས་ལྟར་མི་འཁོར་ཅིང་། །

    ཚ་གྲང་བཀྲེས་སྐོམ་བཟོད་པར་དཀའ་བའི་རང་བྱུང་ངལ་བ་མཐའ་དག་ལ། །

    ཛ་ལང་མཁྲེགས་འཛིན་བག་འཁུམ་བསམ་པས་མདུན་སྐྱོད་སྤོབས་པ་མི་ཞུམ་པར། །

    ཝ་ལེར་ལས་ཀྱི་བུ་སློབ་ཚོ་ལ་བཅུ་ཕྲག་རིག་པའི་འཆད་ཁྲིད་གནང་། །

    ཞྭ་གོས་ལྷམ་སོགས་ཕྱི་རོལ་རྒྱན་གྱིས་གཞན་གྱི་ཡིད་དབང་མི་འཕྲོག་ཀྱང་། །

    ཟ་འོག་གོས་ལས་རིན་ཐང་ཆེ་བའི་ལྷད་མེད་ལྷག་བསམ་དཀར་པོ་དང་། །

    འ་འུར་ཤོབ་ཀྱིས་རང་བསྟོད་མེད་པར་ཞི་དུལ་དྲང་པོའི་ལམ་སྟོན་སོགས། །

    ཡ་རབས་བཟང་སྤྱོད་བཤེས་གཉེན་མཆོག་ལ་འགྱུར་ཁུག་སྙན་མོས་བསྟོད་གླུ་འབུལ། །

    ར་ལྟར་གྱོང་བའི་ན་གཞོན་ང་ཡང་བཤེས་གཉེན་དམ་པའི་བཀའ་དྲིན་འོག །

    ལ་ལུང་ཆོད་པའི་རི་གྲོང་བསྐྱུར་ཏེ་ཤེས་བྱའི་དགའ་ཚལ་སྤྲོ་བས་མྱུལ། །

    ཤ་རུས་འདྲེས་པའི་ཡབ་ཡུམ་ནང་བཞིན་བྱམས་བརྩེའི་དྲོད་ཀྱིས་སྐྱོང་མཛད་མཁན། །

    ས་གསུམ་གནས་འདིར་བླ་མེད་མཛད་བཟང་བཤེས་གཉེན་དམ་པ་ཁྱེད་ལས་སུ། །

    ཧ་ལས་བཤེས་གཉེན་དམ་པ་དྲན་པའི་ཀ་བཤད་བུང་བའི་གཤོག་རྡེབ་འདི། །

    ཨ་ཙི་བུ་ངས་རིང་མོ་ཞིག་ནས་གང་གི་སྙན་དུ་འབུལ་བར་རེ། །

    ཧ་ཅང་ཚིག་གིས་བསྟོད་པར་འདོད་ཀྱང་སོར་རྩེའི་ཉམས་འགྱུར་དབུལ་དྲགས་པས། །

    ཨ་མཚར་སློང་བའི་རྩོམ་ཉོག་འདི་ཡང་ཁོ་བོའི་སེམས་ཀྱི་ལེགས་སྐྱེས་སོ། །

    (ཟུར་ཁྲིད་དགེ་རྒན་བོན་བསྟན་འཛིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།