སྒྱུ་མའི་གར།
དྲི་བྲལ་རབ་དཀར་མཛེས་པའི་ཆུ་འཛིན་ནི།།
དལ་གྱིས་གཡོ་བ་མཚོ་བྱུང་ཆ་བསྒྱུར་བ།།
བརྗིད་ཆཌ་བཀོད་ལེཌ་དཔེ་མཛོད་ཁང་ཆེན་དུ།།
བལྟས་པས་མི་ངོམས་དཔེ་ཀློག་གར་གྱིས་མཛེས།།
བློ་གསལ་གྲངས་མེད་ཁོ་ནས་སློབ་གླིང་འདི།།
རིན་བྲལ་ནོར་བུར་གྱུར་པ་མ་ཡིན་ཏེ།།
ནམ་ཞར་རིག་གནས་བྱ་གཞག་གོང་དུ་སྤེལ།།
རང་རིགས་བུ་སློབ་རྗེས་འཛིན་དེ་ལས་ཀྱང་།།
ཚེ་ནི་ཡུན་ཐུང་དབུགས་ཀྱི་ཆ་རེ་ཡང་།།
འཚོ་གནས་དུས་ཡུན་ཟད་གྱུར་སྒྱུ་མ་མཁན།།
འོན་ཏེ་ཡིད་འོང་འདུ་འཛིར་གཡེང་བའི་ལས།།
འཇུག་པའི་མཐའ་བྲལ་རང་བཞིན་གསལ་བྱེད་གང་།།
དགོང་ཞོགས་ཉིན་གུང་ནམ་ཕྱེད་ཐོས་བསམ་ལ།།
ངལ་མེད་བརྩོན་པས་རྣམ་དཔྱོད་འཇིག་རྟེན་མིག།
གཉིས་སུ་མེད་པའི་དགེ་བའི་བཤེས་གཉེན་ལས།།
ལྷུང་ལྷུང་སྙན་པའི་གསུང་ཚིག་བྱོན་པ་ལ།།
བླུན་རྨོངས་བདག་གི་བྱིས་བློས་དུས་རྟག་ཏུ།།
གཞལ་བའི་སྐལ་བ་ནམ་ཡང་ཡོད་མ་ཡིན།།
ཚེ་ཕྱེད་ལས་རྙེད་མཐོང་ཐོས་ཕྲ་རགས་ལས།།
མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་དང་།།
གཞལ་མེད་དྲིན་གྱི་བདག་པོ་ཕ་དང་མ།།
མགུ་བའི་ལེགས་བྱས་འབྲས་བུ་ཡོད་རེ་སྐན།།
དེ་འདྲའི་ཀུན་རྟོག་ཡིད་དབང་ཉི་ཚེ་བས།།
ཡིད་ནི་གདུངས་བས་མཆི་མའི་ཕྲེང་ཐག་ཆད།།
གཟུགས་དང་ལང་ཚོར་ཆགས་པའི་འདུ་ཤེས་ནི།།
དབྱར་ཟླ་དྲུག་པའི་མེ་ཏོག་སྐར་ཚོགས་མཐུན།།
མེ་ཏོག་སད་ཀྱིས་བཅོམ་པའི་དུས་ཉིད་དང་།།
མི་ཡི་ལང་ཚོ་ལོ་ཟླའི་འགྲོས་སུ་རྒུད།།