གྲོགས་མོ་ནི་རང་གིས་བདམས་པའི་གཉེན་ཉེ་ཡིན།
བཤད་ན་ཡ་མཚན་རེད། དོན་མེད་དུ་ཕན་ཚུན་ཐུག་འཕྲད་བྱུང་། ཅི་ཡིན་འདི་ཡིན་མེད་པར་མཉམ་དུ་རྩེད་མོ་བརྩེས། ཡང་ཅི་ཡིན་འདི་ཡིན་མེད་པར་མཉམ་དུ་འཚར་ལོངས་བྱུང་། ག་ལེར་ཕན་ཚུན་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གནས་སུ་གྱུར།
གྲོགས་མོ་ནི་དོན་ངོ་མ་ཅི་ཞིག་ཡིན། དེ་ནི་ངས་རྟག་པར་བརྗོད་འདོད་པའི་སྐད་ཆ་ཞིག་རེད།
དོན་དུ་གྲོགས་མོ་ནི། དུས་ཡུན་རིང་པོར་འབྲེལ་བ་མ་བྱས་ཀྱང་། ནམ་ཡང་ཁྱེད་དང་མཉམ་དུ་འགྲོགས་པའི་མི་དེ་ཡིན། སྐྱེས་སྐར་ལ་ལག་རྟགས་མ་སྤྲད་ཀྱང་དགའ་སྐྱོ་ཟུང་འབྲེལ་གྱི་དོན་དག་རེ་རེ་ཕན་ཚུན་ལོངས་སུ་སྤྱོད་རོགས་ཀྱི་མི་དེ་ཡིན། ཁྱེད་དང་མཉམ་དུ་ཉི་མའི་འཆར་ནུབ་དང་བསྡོངས་ཏེ་བརྩོན་པའི་གཤོག་ཟུང་གར་ལ་རོལ་མཁན་གྱི་མི་དེ་ཡིན། ཁོམ་པའི་དུས་སུ་གཙང་འགྲམ་དུ་བསྐྱོད་ནས་ལང་ཚོའི་ཕུགས་འདུན་ལ་འདང་རྒྱག་བྱེད་མཁན་གྱི་མི་དེ་ཡིན། གེགས་དང་བར་ཆད་ལ་འཕྲད་ཚེ་ཕན་ཚུན་སྟོབས་ཤུགས་དང་ཡིད་ཆེས་སྩོལ་མཁན་གྱི་མི་དེ་ཡིན།
ཆར་གྱིས་ཡུན་རིང་བརྡུངས་ཚེ། ཆར་ཆད་ཀྱང་ཆར་གདུགས་འཕྲལ་དུ་བསྡུ་མི་སྲིད། མེ་ཏོག་ཅིག་གི་དྲི་བསུང་ལ་ཡུན་རིང་འདྲིས་ཚེ། མེ་ཏོག་བསྐམས་ཀྱང་དྲི་བསུང་བརྗེད་མི་སྲིད། དེ་ནང་བཞིན་གྲོགས་པོ་ཞིག་དང་ཡུན་རིང་འདྲིས་ཚེ། དུས་གཏན་དུ་མཐུན་པའི་ལག་གདང་སྦྲེལ་སྲིད་ལ། སྐྲ་ལོ་དཀར་པོར་གྱུར་ཡང་། སེམས་ཀྱི་གཏིང་ལ་ཉར་ངེས།
ངའི་གྲོགས་མོ་ནི་དགོད་བྲོའི་རྣམ་འགྱུར་གྱིས་ཁེངས་པའི་བུ་མོ་སྙིང་རྗེ་པོ་ཞིག་རེད། ཁ་རྒྱུན་དུ་ཆུང་ནས་བཤིབས་པའི་གྲོགས་པོ་ནི་ཕྱི་ཐག་རིང་ཤོས་ཀྱི་གྲོགས་པོ་ཞིག་རེད་ཅེས་ཤོད་སྲོལ་ཡོད། དེའི་རྒྱུ་མཚན་ནི་ལྷད་མེད་དྭངས་གཙང་གི་བྱིས་བློ་དང་འགྲོགས་ནསལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་བཅངས་ཏེ་དུས་ཡུན་རིང་མོ་བཤིབས་པས་སོ། དེས་ན། ཟོལ་མེད་ཀྱི་ལྷག་བསམ་ལ་བཀའ་དྲིན་ཆེ་ཞུ། སེམས་བཟང་གི་ཁྱེད་ན་ཚོད་ཆུང་ངུའི་དུས་ནས་བདག་གི་འཇིག་རྟེན་དུ་སླེབས་པར་བཀའ་དྲིན་ཆེ་ཞུ། ཁྱེད་ནི་བདག་གིས་ཚེ་འདིར་བདམས་པའི་གཉེན་ཉེ་ཡིན།