ཨ་མའི་བྱམས་བརྩེ།
འཇིག་རྟེན་འདིར་འཚོ་ཞིང་གནས་པའི་མི་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ལ་བྱམས་དང་བརྩེ་བ་སྦྱིན་མཁན་རེ་ཡོད་ངེས་རེད།
ཨ་མ་ནི་འཇིགརྟེན་འདིའི་སྟེང་གི་བྱམས་བརྩེ་དང་ཐུགས་ཁུར་བླ་ན་མེད་པ་སྦྱིན་མཁན་གྱི་ཉི་འོད་ལྟ་བུ་དེ་ཡིན། ཨ་མས་བུ་ཕྲུག་ཚོར་རྟག་ཏུ་གང་འདོད་སྦྱིན་པ་དང་། དུས་ནམ་ཡིན་རུང་རང་ཉིད་ཀྱི་བུ་ཕྲུག་གི་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ངལ་ཐམས་ཅད་ཁྱད་དུ་བསད་དེ། བྱམས་བརྩེའི་ངང་ནས་བུ་ཕྲུག་འཚོ་སྐྱོང་གི་ལས་ལ་བྲེལ་བཞིན་མཆིས།
བུ་ཕྲུག་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་མཁན་དང་། མ་འོངས་པའི་ལམ་སྟོན་གནང་མཁན་དེ་ཡང་བྱམས་བརྩེའི་བདག་ཉིད་ཅན་གྱི་ཨ་མ་ཡིན།
འཇིག་རྟེན་སྟེང་གི་གཟི་བརྗིད་དང་སྤོབས་པ་ཐམས་ཅད་ཨ་མ་ལས་བྱུང་བ་དང་། ཨ་མ་ཡོད་པ་ལས་ད་གཟོད་མིའི་རིགས་བྱུང་ཞིང་། མིའི་རིགས་ཡོད་པ་ལས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འདི་དག་བྱུང་བ་རེད།
ཚེ་འདིར་རྣ་བར་ཆེས་སྙན་པ་ནི་ཨ་མའི་འབོད་སྒྲ་དང་། ཡིད་ལ་ཆེས་འཐད་པ་ནི་ཨ་མའི་གདམས་ངག་ཡིན། ཨ་མའི་ཐུགས་སེམས་དྲོན་མོ་ལས་འཁྲུངས་པའི་བྱམས་དང་བརྩེ་བར་ནམ་ཡང་ཉམས་པ་མེད། དེ་ནི་སྤྱི་སེམས་ཆེ་བའི་བྱམས་བརྩེ་ཞིག་དང་། སྟོབས་དང་ནུས་ཤུགས་ལྡན་པའི་བྱམས་བརྩེ་ཞིག་ཡིན། ཨ་མ་གནས་གང་དུ་བཞུགས་ན། དེ་རུ་སྤྲོ་བའི་དགོད་སྒྲ་དང་སྐྱིད་པའི་འཚོ་བ་ཡོད།
ཨེ་མ། གལ་ཏེ་ང་རང་སྙན་ངག་མཁན་ཞིག་ཡིན་ཚེ། ཨ་མས་ང་ཚོར་བཅངས་པའི་བྱམས་བརྩེ་སྙན་འཇེབས་ལྡན་པའི་ཚིག་གི་སྟར་ལ་བརྒྱུས་ནས་དེབ་ཐེར་དུ་འགོད་སྲིད། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ། ངས་སོར་མོའི་རྩལ་ལ་བརྟེན་ནས་ཨ་མས་ང་ཚོར་བཅངས་པའི་བརྩེ་དུང་ངོ་མཚར་གྱི་རི་མོའི་གཟུགས་སུ་ཕབ་སྲིད།
ཁ་ཞིག་སྐོམ་པའི་དུས་ལ། །ཆུ་ཞིག་བཏུངས་པས་ཕན་བྱུང་། །ཨ་མ་དྲན་པའི་དུས་ལ། །ག་རེ་བྱས་ཀྱང་མི་ཕན། །དགུང་གི་ཉི་ཟླ་གཉིས་པོ། །དྲིན་ཆེན་ཕ་མ་འདྲ་བ། །དྲིན་ཆེན་ཕ་མའི་དྲིན་དེ། །ནམ་ཡང་བརྗེད་ས་མ་རེད།།