དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • ཐོན་པའི་སྤོས་ཀྱི་དྲི་བསུང་ཞིམ། སྙན་པའི་གྲགས་པ་གང་སར་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-17

    སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་ཆུ་མོ་ཤང་ཤང་དུ་རྒྱུག་པའི་ཁྲོད། སྤོས་ཀྱི་རྒྱུ་ཆ་བརྡར་སར་ཆུ་འཁོར་ཆེ་ཆུང་200ལྷག་ཙམ་རང་ཤུགས་སུ་འཁོར་ནས་ཤུག་པའི་དྲི་ཞིམ་འཐུལ་བཞིན་མཆིས།

    སྤོས་བཟོའི་ཆེད་ལས་དུད་ཚང་སྐལ་བཟང་ཚེ་རིང་གིས་སྤོས་ཀྱི་རྒྱུ་ཆ་མཉམ་དུ་བསྲེས་ནས་རྭ་ཅོའི་ནང་བླུགས་ཏེ་བཙིར་ནས་སྤོས་རེ་རེ་བྱས་ཏེ་ཉི་སྐམ་གཏོང་བཞིན་འདུག

    “དེ་དག་ཉི་སྐམ་བཏང་རྗེས་ཆག་པ་རྒྱག་གི་ཡོད”ཅེས་ཤོད་ཀྱིན་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སྙེ་མོ་རྫོང་གི“སྤོས་ཀྱི་བཟོ་རྩལ”ཞིབ་ཚགས་ལ་རྙོག་འཛིང་ཆེ་བའི་སྐོར་ངོ་སྤྲོད་བྱས་བྱུང་།

    སྐལ་བཟང་ཚེ་རིང་གི་ཁྱིམ་ནི་མི་རབས་ནས་མི་རབས་བར་སྤོས་བཟོ་བ་ཞིག་ཡིན། ཁོང་དང་གཅེན་པོས་ཆུང་དུས་ཕའི་ས་ནས་སྤོས་བཟོ་རྩལ་སྦྱངས་ཤིང་། ད་ཆ་གཅེན་པོ་ཚེ་རིང་རྡོ་རྗེ་ཡང་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཡོད། “ལོ་དེ་དག་ནང་སྲིད་གཞུང་གི་རོགས་སྐྱོར་འོག་ང་ཚོས་སྤོས་བཟོའི་འཕྲུལ་འཁོར་ཉོས་པ་མ་ཟད། སྤོས་ཀྱི་རྒྱུ་ཆ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཐོན་ཚད་མང་དུ་བཏང་ཡོད། དྲ་ཐོག་ནས་བཙོངས་པས་ཡོང་འབབ་ཀྱང་དེ་དང་ཆབས་ཅིག་མང་དུ་ཕྱིན་སོང་། ད་ཆ་སྡོད་ཁང་གསར་པ་བརྒྱབ་ཡོད་ལ། ད་དུང་ཟོག་འདྲེན་རླངས་འཁོར་ཆུང་བ་གཅིག་དང་སྒེར་འཁོར་ཉོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་བརྗོད།

    སྙེ་མོ་རྫོང་གི་སྤོས་ཀྱི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གཞོན་ནུ་མི་ཉུང་བ་ཞིག་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཤིང་། བཀྲ་ཤིས་དོན་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་རེད། 2015ལོར་བཀྲ་ཤིས་དོན་གྲུབ་ཀྱིས་བོད་ལྗོངས་དྲི་ཞིམ་གཟིམ་སྤོས་ཚད་ཡོད་ཀུང་སི་བཙུགས་ནས་སྤོས་བཟོའི་ལག་རྩལ་དང་ཐོན་རྫས་ཀྱི་ཐུམ་སྒྲིལ་ཐད་གསར་གཏོད་རིམ་སྤོར་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་དེ་བས་འཚམ་པར་བྱས་ཡོད། “ང་ཚོས‘ཐོན་པ་ཚང’གི་ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་བྱས་པ་ཡིན། མིག་སྔར་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་ཀྱི་ངོ་ཚབ་ཚོང་པ་དང་མཉམ་ལས་བྱས་པས་ཚོང་བརྟན་པོ་ཡོད། ཀུང་སིས་ཀྱང་ཉེ་འཁོར་གྱི་མང་ཚོགས་ཀུང་སིར་བསྡུས་ཡོད”ད་ཆ་ཀུང་སིས་སྤོས་ཙམ་མ་ཟད། སྤོས་ཁུག་དང་། སྤོས་གཞོང་སོགས་ཐོན་རྫས་མང་པོ་ཐོན་སྐྱེད་བྱེད་ཀྱི་ཡོད་ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་བྱུང་། སྤོས་བཟོའི་ཉམས་ལེན་རྣམ་གྲངས་ཁྱབ་གདལ་བཏང་བར་བརྟེན་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཅིང་། འདི་ལོའི་ཟླ་བརྒྱད་པ་བར་ཀུང་སིའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་160ཟིན་པ་དང་དུད་ཚང་13དང་མང་ཚོགས་48ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་བ་དང་། ལོ་ལྟར་སྒོར་ཁྲི་5བཏོན་ནས་གྲོང་རྡལ་ནང་གི་དཀའ་ངལ་ཡོད་པའི་དུད་ཚང་ལ་འཚམས་འདྲི་བྱེད་ཀྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་ཐོན་པ་གྲོང་རྡལ་གྱི་སྤོས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་2850དང་བྲིན་ཚོང་ཡོང་འབབ་སྒོར་ཁྲི་1402.6ཟིན་པ་མ་ཟད། དུད་ཚང་282ཀྱི་མང་ཚོགས་684ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.05བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།