དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་ལ་བསྔགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དཔལ་ལྡན་ལྷུན་གྲུབ།   |     སྤེལ་དུས།  2023-09-10

    ཀ་དག་གནས་ལྔའི་གཞུང་ལ་ཐུཊ་དགོངས་རབ་ཕྱུག་ཅིང་། །

    ཁ་ཞེ་གཉིས་མེད་ཤེས་རིག་བདུད་རྩིའི་གནང་སྦྱིན་གྱིས། །

    གང་སར་སློབ་བུའི་བཀྲེས་སྐོམ་རེ་འདོད་སྐོང་མཛད་པ། །

    ང་ཡི་དགེ་བའི་བཤེས་རྣམས་གཙུག་གི་ཏོག་བཞིན་བརྗིད། །

    ཅ་ཅོ་འུར་ལ་མི་གཡེལ་སྦྱོང་གཞི་བཅོས་པའམ། །

    ཆ་མེད་འདུ་འཛིར་མི་འཚངས་སློབ་ཁྲིད་འཆར་འགོད་གཙོས། །

    ཇ་མ་སློབ་བུའི་འདུན་ལམ་མངོན་འགྱུར་ཡོང་བའི་ཆེད། །

    ཉམས་མྱོང་ཆེན་པོས་སློབ་ཁྲིད་གནང་བའི་ཚུལ་དག་བསྔགས། །

    ཏ་ལེར་བརྗིད་ཅིང་གཡོ་ལྡེམ་ལང་ཚོའི་རྐང་འཐུང་ནི། །

    ཐ་དད་ལོ་ཟླའི་རླུང་གིས་ཕར་ཚུར་གཡོ་ཞིང་གཙེས། །

    དལ་བུར་འཛུམ་པའི་བཞིན་གྱི་ཟླ་བའི་ནེའུ་གསིང་ཡང་། །

    ནག་ནོག་འབྱུང་བཞིའི་སྤྲིན་གྱིས་བསྒྲིབས་ཤིང་ནོག་པར་བྱས། །

    པ་སངས་ལྟར་དཀར་ཐུཊ་གཤིས་ཁ་བའི་མདངས་འཛིན་པས། །

    ཕ་ལམ་ལྟར་འཚེར་མུན་འཐོམས་རྨོངས་པའི་བློ་སྒོ་གསལ། །

    བ་བེར་གཤིས་ལ་གཟབ་ནན་དཔེ་ཁྲིད་མཛུབ་སྟོན་གྱིས། །

    མ་རིག་རྨོངས་པའི་གཡང་ལས་འདྲེན་མཛད་བཤེས་དེ་རྒྱལ། །

    ཙ་ན་ཡིན་ཡང་ཉིན་མཚན་བལྟོས་མེད་ལྷག་བསམ་གྱིས། །

    ཚ་གྲང་དཀའ་སྡུག་བཟོད་ནས་དཔེ་ཁྲིད་མི་སྐྱོང་ཆེད། །

    ཛ་ཛོར་རང་དོན་བསྐྱུར་བའི་རླབས་ཆེན་དང་བླངས་པ། །

    ཝ་ལེར་བསྔགས་པའི་ཚུལ་འདི་ཡིག་འབྲུས་མཚོན་ཐབས་ཅི། །

    ཞ་ཞོར་ཁོམ་སྐབས་བཙལ་ནས་སྒམ་ནན་མཛུབ་ཁྲིད་དང་། །

    ཟ་ཟིར་རྩིང་སྤྱོད་ཅན་ལ་བསླབ་འདོམས་དཔེ་སྟོན་སོགས། །

    འ་ཅག་རྣམ་དཔྱོད་དབུལ་བའི་མ་རིག་སློང་མོ་བར། །

    ཡ་མཚན་ཤེས་རིག་བདུད་རྩིའི་རྒྱགས་ཕྱེ་སྩོལ་འདི་རྨད། །

    རང་གཞན་དོན་ཀུན་འགྲུབ་པའི་རིག་གཞུང་དགོས་འདོད་ནོར། །

    ལ་འུར་ཀུན་སྤྱོད་མཛེས་པའི་རྒྱན་དུ་སྤྲས་པ་ཡིས། །

    ཤ་ཚའི་ཁོག་ནས་སྨྲས་པའི་གདམས་ངག་ཟེར་ཕྲེང་གིས། །

    ས་སྟེང་ཀུན་ལ་འཕྲོས་པའི་ཚུལ་འདིར་རབ་ཏུ་བསྔགས། །

    ཧ་ཅང་ཉམས་སུ་ཤར་བའི་གདམས་ངག་སྒྲོན་མེ་ཡིས། །

    ཧ་ཅང་བདེན་བཞིའི་ལམ་ནས་ཕྱོགས་ཀྱི་མུན་པ་གསལ། །

    ཨ་མཚར་རྣམ་གཡེང་ཅན་ཚོའི་མ་རིག་བློ་སྒོ་ཕྱེ། །

    ཨ་ཙི་བཤེས་གཉེན་བཟང་པོ་ནམ་ཡང་ཉི་མ་བཞིན། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།