དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྷ་ལུང་ཀརྨ་ཤེས་རབ་ཀྱིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ཁག་ཁག་གཉིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-10

    བཤེས་གཉེན་གྱི་བཀའ་དྲིན་རྗེས་སུ་དྲན་པ།

    མི་གཤིས་རྒྱུ་དག་ནང་སེམས་ཀུན་སྤྱོད་གཙང་། །

    ལྔ་རིག་གསང་བའི་མདུད་རྒྱ་བཀྲོལ་ལ་མཁས། །

    གཞན་ལ་ཕན་འདོད་སྙིང་རྗེའི་ས་བོན་བཏབ། །

    དྲིན་གྱི་བདག་ཉིད་བཤེས་གཉེན་སྤྱི་བོར་མཆོད། །

    ཨ་མའི་སྒོ་རུ་འཚར་ཡང་རྒྱང་ལ་བུད། །

    བཀོད་པས་མཇལ་འཕྲད་ཉུང་ཡང་ཕ་མའི་ཐུགས། །

    བུ་ཚས་མ་དཀྲུགས་ཕ་མ་མཉེས་གྱུར་པ། །

    དེ་ཡང་མཁས་མཛངས་དགེ་རྒན་དམ་པའི་དྲིན། །

    ཁྱིམ་ཐབ་འདོད་རྒུ་འཛོམས་ཀྱང་གཤིབ་སྐལ་དཀོན། །

    ལས་ཀྱི་འཁོར་བ་རྙོག་རུང་འཚོ་བ་ལ། །

    བསོད་ནམས་རང་གྲུབ་ཚེ་རོགས་མཉེས་གྱུར་པ། །

    དེ་ཡང་མཁས་མཛངས་དགེ་རྒན་དམ་པའི་དྲིན། །

    མདོར་ན་མི་ལུས་ཐོབ་ནས་སློབ་ར་ལ། །

    དང་པོར་ཞུགས་པ་ནས་བརྩམས་ད་ལྟའི་བར། །

    གང་དེའི་བསོད་ནམས་བདག་ལ་ཅི་མཆིས་པ། །

    དེ་ཡང་ཐམས་ཅད་དགེ་རྒན་དམ་པའི་དྲིན། །


    ཨ་མ་ལྟ་བུའི་བཤེས་གཉེན།

    ཀ་མད་ཡིག་ངོ་ཙམ་མིན་ཁ་བརྡ་གནས་ལུགས་སློབ་མཁན། །

    ག་འགྲོ་ཟ་སྡོད་ཙམ་མིན་ང་ཁོའི་གུས་ལུགས་སློབ་མཁན། །

    ཅ་དངོས་བདག་གཅེས་ཙམ་མིན་ཆ་ལུགས་ཀུན་སྤྱོད་སློབ་མཁན། །

    ཇ་ཆང་རྒྱན་འགྱེད་མི་རོལ་ཉ་མ་དགའ་བའི་ཨ་མ། །

    ཏ་ཟིག་ཡུལ་སྐད་ཙམ་མིན་ཐ་སྙད་སྐད་རིཌ་སློབ་མཁན། །

    ད་ལྟའི་བྱིས་དུས་ཙམ་མིན་ན་དར་ལང་ཚོ་རྒྱན་མཁན། །

    པ་ཕའི་མིང་ཙམ་མ་ཡིན་ཕ་ཚབ་བུ་རྒྱུད་གསོ་མཁན། །

    བག་ཡོད་སྤྱོད་ལམ་སློབ་མཁན་མ་ཡུམ་ཁོང་འདྲ་ཨ་ཡོད། །

    ཙ་རིའི་ལམ་ཁྲིད་ཙམ་མིན་མཚར་སྡུག་མདུན་ལམ་སྟོན་མཁན། །

    ཛ་དྲག་སྐུལ་སློང་ཙམ་མིན་ཝ་ལེར་ཤ་ཚས་སྐྱོང་མཁན། །

    ཞྭ་གོས་འཚོ་ཚིས་ཙམ་མིན་བཟང་པོའི་དྲིན་འཇལ་སློབ་མཁན། །

    འ་འུར་འདུ་འཛིས་མ་གཡེང་ཡ་རབས་སྐྱོང་བའི་ཨ་མ། །

    ར་ལུག་དབྱེ་འབྱེད་ཙམ་མིན་ལ་ཀླུང་གནས་བཤད་གསུང་མཁན། །

    ཤ་བཟའི་འཁོར་བ་ཙམ་མིན་ས་བཅུའི་ལམ་སྣ་འདྲེན་མཁན། །

    ཧ་ཧུའི་དགོད་འཛུམ་ཙམ་མིན་ཨ་ནུའི་བྱིས་པ་གསོ་མཁན། །

    ཧ་ལམ་བཙལ་ཀྱང་མ་རྙེད་ཨ་གསར་དབེན་པའི་ཨ་མ། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།