《ཁ་ཆེ་ཕ་ལུའི་བསླབ་བྱ》ཡིས་དེང་རབས་སྤྱི་ཚོགས་ལ་བསྟན་པའི་བཟང་སྤྱོད་སྐོར་གླེང་བ།
《ཁ་ཆེ་ཕ་ལུའི་བསླབ་བྱ》ཡི་ནང་དོན་དང་སྒྱུ་རྩལ་གང་ནས་བལྟས་ཀྱང་བསླབ་བྱའི་རྩོམ་རིག་གི་རྩེར་སོན་ཞིང་། བསླབ་བྱའི་ལྡུམ་རའི་ཁྲོད་ནམ་ཡང་མི་ནུབ་པའི་བཀྲག་མདངས་ལྡན་པའི་མེ་ཏོག་ཅིག་ཡིན་པས། རྩོམ་ལུས་དེ་རྒྱུན་འཛིན་དང་འཕེལ་རྒྱས་གང་ལེགས་བྱུང་བའི་ལམ་ཚད་ཀྱི་རྡོ་རིང་ཞིག་ཏུ་བརྩི་ཆོག དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ང་ཚོའི་རྩ་བ་དང་རྣམ་ཤེས་ལྟ་བུ་ཡིན་པ་མ་ཟད། འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་མེད་དུ་མི་རུང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད”ཅེས་གསུངས་ཡོད། 《ཁ་ཆེ་ཕ་ལུའི་བསླབ་བྱ》ནི་བོད་ཀྱི་བསླབ་བྱའི་རྩོམ་རིག་ལས་མི་དམངས་ཀྱི་རང་བཞིན་ཆེས་ཟབ་པའི་གདམས་ངག་ཅིག་ཡིན་ཞིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལྡུམ་རའི་ཁྲོད་བཀྲག་མདངས་རྣམ་པར་བཀྲ་བའི་མེ་ཏོག་ཆུན་པོ་ཞིག་ཡིན་ན། གུས་མོས་བསླབ་བྱ་དེ་ལས་བསྟན་པའི་བཟང་སྤྱོད་དང་འབྲེལ་བའི་ནང་དོན་ཁག་གཅིག་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་སྦྲེལ་ནས་ཅུང་ཟད་གླེང་བར་བྱའོ།
གཅིག སྐབས་འཕྲལ་གྱི་བདེ་བ་སྤངས་ཏེ་མི་ཚེའི་དོན་ཆེན་བསྒྲུབ་དགོས་ཚུལ་བསྟན་པ།
དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཏེ། རང་རྒྱལ་ལ་གཞི་ཚུགས་པ་དང་ཆབས་ཅིག་འཛམ་གླིང་ལ་ཁ་ཕྱོགས་པའི་དེང་རབས་ཀྲུང་གོའི་རིག་གནས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་དགོས”ཞེས་གསུངས་ཡོད། དེ་ལས་ང་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྲོལ་རྒྱུན་གྱི་རིག་གནས་རྒྱུ་ཆ་དག་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་རྟོགས་ཐུབ། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མཚོན་ན། 《ས་སྐྱ་ལེགས་བཤད》དང་། 《ཆུ་ཤིང་བསྟན་བཅོས》 《ཁ་ཆེ་ཕ་ལུའི་བསླབ་བྱ》སོགས་ནི་ཕུལ་བྱུང་རིག་གནས་ཀྱི་སྙིང་བཅུད་ལེན་སའི་དཔེ་གཞི་ཡག་པོ་ཞིག་རེད། དེ་ཡང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“རང་ལ་རང་གིས་གོ་བ་མ་བསྐོན་ན། འཇིག་རྟེན་འདི་ཡི་འཁོར་དུ་ཐིམ་ཡོང་ངོ་། སང་སང་གནངས་གནངས་ཟེར་གྱིན་འགྱངས་ཡོང་ངོ་། དེ་འདྲའི་ངང་ནས་འབོད་མཁན་སླེབས་ཡོང་ངོ་། དེ་དུས་འགྱོད་པའི་གླིང་ལ་བརྒྱབ་ཡོང་ངོ”ཞེས་པ་སོགས་ལས། འཇིག་རྟེན་གྱི་འཚོ་བའི་ཁྲོད་རང་རང་སོ་སོའི་མི་ཚེའི་དོན་ཆེན་སྒྲུབ་ཆེད་གནས་སྐབས་ཀྱི་བདེ་བ་ཁོ་ནར་མི་ཆགས་པར་ནམ་ཞག་རྒྱུན་དུ་དུས་ཚོད་ལ་གཅེས་འཛིན་བྱེད་པ་ལས་མི་ཚེ་དོན་མེད་སྟོང་ཟད་བཏང་ན་མཐར་འགྱོད་པའི་གླིང་དུ་བསྐྱལ་ངེས་པའི་གནས་ལུགས་བསྟན་ཡོད།
གཉིས། རྒྱལ་ཁྲིམས་ཚུལ་བཞིན་སྲུང་དགོས་ཚུལ་བསྟན་པ།
ང་ཚོ་འཚོ་ཞིང་གནས་པའི་མཚར་སྡུག་འོད་སྟོང་འབར་བའི་དུས་རབས་གསར་པ་འདིར་ཚང་མས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་བསྐྱོད་དེ་མཐར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད། རྒྱུ་མཚན་དེའི་ཕྱིར་མི་ཚང་མས་མཐུན་སྒྲིལ་དམ་ཟབ་དང་སྤྱོད་གཙང་དར་སྤེལ་བཏང་ཐོག་རང་ངོས་ཀྱི་དགེ་མཚན་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་དགོས། དེ་ཡང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན། ཁྲིམས་འགོ་ནོན་ན་བསམ་དོནལྷུན་གྱིས་འགྲུབ། ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུན་སུམ་ཚོགས”ཞེས་པ་ལས་ཕ་ཡུལ་འཆམ་མཐུན་དང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་དགོས་ན། འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་རང་ཉིད་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱིས་རང་འགུལ་ངང་ཁྲིམས་ལུགས་ཚུལ་བཞིན་སྲུང་དགོས་པ་དང་། མི་རྣམས་ལ་ཕྱི་ནང་ཀུན་དང་ཉེ་རིང་མེད་པར་ཁྲིམས་མཐུན་བྱ་བ་འབའ་ཞིག་སྒྲུབ་དགོས་པའི་བསླབ་བྱ་གནང་ཡོད། གཞན་ཡང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“འཇིག་རྟེན་འདི་རུ་སྒང་གཤོང་མང་ཞིག་འདུག སྐྱིད་སྡུག་རིན་ཐང་སྦོམ་ཕྲ་གྲངས་མེད་རེད”ཅེས་པས་འཇིག་རྟེན་ཐོག་དབུལ་ཕྱུག་དང་མཐོ་དམན་སོགས་ཅི་རིགས་བྱུང་བ་ནི་གཞི་གཙོ་བོ་རྒྱུ་འབྲས་ལ་རགས་ལས་ཤིང་། ལས་བཟང་པོ་འགྲུབ་ན་འབྲས་བུ་ཐོབ་ཅིང་ལས་ངན་པ་འགྲུབ་ན་འབྲས་བུ་ངན་པ་འབྱུང་བའི་གནས་ལུགས་གསལ་པོར་བསྟན་ནས་རྒྱུན་དུ་མི་རྣམས་ཀྱིས་ལས་རིགས་གང་དུ་ཞུགས་ཀྱང་ཀུན་སྤྱོད་དག་གཙང་གི་བསམ་བློ་ཞིག་ངེས་པར་དུ་སྐྱེ་དགོས་པའི་རེ་བ་བཏོན་གནང་ཡོད། གལ་ཏེ་སྤྱི་ཚོགས་སྟེང་རང་ཁོ་ནའི་ཆེད་དུ་འདོད་དོན་འབའ་ཞིག་སྒྲུབ་ཅིང་མ་མཐའི་མི་ཆོས་རྩ་བ་ཡང་རྡོག་པས་བརྫིས་ཏེ་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ཁོ་ནར་ཞུགས་ན། གནས་སྐབས་ཤིག་རང་དོན་འགྲུབ་ཀྱང་མཐར་ཐུག་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལས་ཐར་མི་ཐུབ་པའི་གནས་ལུགས་ནི་ཀུན་གྱིས་མཁྱེན་གསལ་ལགས།
གསུམ། བདེན་རྫུན་བརྟགས་ནས་སྐད་ཆ་ཤོད་པ་དང་རྒྱུ་འབྲས་ཚུལ་བཞིན་སྲུང་དགོས་ཚུལ་བསྟན་པ།
《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས། དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་ལྟོས། སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་གྱིས། སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོད”ཅེས་གནད་འཕིགས་པའི་དཔེ་དོན་གྱིས་བསྟན་པར་བྱ་བ་ནི་ཡུལ་དུས་གང་དུའང་བླུན་པོ་ཆུ་སྣ་གར་ཁྲིད་ལྟར་དོན་མེད་ཀྱི་འཆལ་གཏམ་ལབ་གླེང་མི་བྱ་བར་ཚུལ་མཐུན་བག་ཡོད་དང་སྨྲ་བ་ཉུང་བའི་དགོས་པའོ། རང་སྣང་གང་དྲན་དང་ང་རྒྱལ་ཐོ་ཅོ་བྱས་དྲགས་ན། མཐའ་མ་བསླབ་བྱ་དེ་ལས“ལག་མགོ་ཁ་ལ་བཅུག་ནས་སྡོད་དགོས་ཡོང”ཞེས་དང“རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ”ཞེས་མཇུག་འབྲས་ངན་པ་སྨིན་རྒྱུ་ལས་ཐབས་ཅི། གཞན་ཡང་རྒྱུ་འབྲས་བསླུ་མེད་ཀྱི་གནས་ལུགས་བསྟན་པ་ལ། 《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“འཛམ་གླིང་མེ་ལོང་ཕར་བལྟ་ཚུར་བལྟ་རེད། འཁོར་བ་བྲག་རི་བཞིན་དུ་ཁ་ལན་སློག རང་གིས་གར་བལྟས་མེ་ལོང་ནང་དུ་གསལ། རང་གིས་གང་ལབ་བྲག་རིས་ཁ་ལན་སློག བཟང་ན་བཟང་དང་ངན་ན་ངན་གྱི་ལན། འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས”ཞེས་གསལ་བ་ལས། རྒྱུ་འབྲས་བསླུ་མེད་ཀྱི་ཆོས་ཉིད་ལེགས་པར་བསྟན་ཏེ། སྤྱི་ཚོགས་ཧྲིལ་པོའི་ཞི་བདེ་དང་མི་ཕན་ཚུན་དབར་གྱི་མཐུན་ལམ། ཁྱིམ་ཚང་གི་བདེ་སྐྱིད། རང་ཉིད་ཀྱི་ཁེ་ཕན་སོགས་འབྱུང་བའི་རྒྱུ་གཙོ་བོ་ནི་ལས་བཟང་པོར་ཐུག་ཅིང་། མི་ཚང་མས་རྒྱུ་འབྲས་ཚུལ་བཞིན་སྲུང་བ་དང་བཟང་པོའི་ཀུན་སྤྱོད་ཀྱི་ལམ་བསྐྱངས་ན་ང་ཚོའི་སྤྱི་ཚོགས་འདི་འཆམ་མཐུན་འབྱོར་ཕྱུག་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ངེས་པར་ཐེ་ཚོམ་ཅི་ཡང་མེད་དོ།
བཞི། རྟག་ཏུ་དམའ་ས་བཟུང་ཞིང་གཞུང་རྒྱུར་འདོད་རྔམ་བྱེད་མི་རུང་བའི་ཚུལ་བསྟན་པ།
དེ་ཡང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“དམའ་ས་བཟུང་ནས་གང་ཅིར་བཟོད་པ་སྒོམས། དོན་གྱི་རྡོ་ཁ་རང་གི་སྙིང་དུ་ཞོག མི་སེམས་འཛིན་པའི་སྐད་ཆ་ཤོད་ཀྱིན་སོང་། རང་དོན་སྒྲིག་པའི་ཇུས་ཆ་གཏོང་གིན་སོང་། སྟོང་པ་ཁ་ཡིས་ཁེངས་པའི་དོན་རྩ་ལོངས། དེ་འདྲའི་ཐབས་ལ་དམའ་ས་བཟུང་བ་དགའ། དམའ་ས་བཟུང་བའི་མི་ལ་དགའ་མཁན་མང་། དེ་འདྲའི་མི་ལ་ཡིད་ནས་ཕན་མཁན་མང”ཞེས་སྤྱི་ཚོགས་སྟེང་གི་སྐྱེ་བོ་ཅི་འདྲ་ཞིག་ཡིན་རུང་དུས་དང་རྣམ་ཀུན་ཏུ་སེམས་ཆུང་ཡ་རབས་ཀྱིས་རང་འཁྲིའི་འོས་འགན་འབད་པས་བསྒྲུབས་ན་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་འགྱུར་ངེས། དེས་ན་ང་ཚོས་ལས་དོན་ཅི་རིགས་འགྲུབ་ཀྱང་དངོས་པོའི་ཆོས་ཉིད་དང་བསྟུན་ཏེ་ཁེངས་སྐྱུང་བྱེད་དགོས་པ་ལས་སྐྱིད་ལ་ཚོད་མེད་དང་ལས་ལ་ཚོད་མེད། ཚོང་ལ་ཚོད་མེད་དང་ཁ་ལ་ཚོད་མེད་བྱེད་དྲགས་ན་མཐའ་མ་ཕུང་བའི་གཞི་རུ་འགྱུར་ངེས་པའི་གནས་ལུགས་བསྟན་ཡོད།
གཞན་ཡང་རྒྱལ་ཁབ་དང་མི་དམངས་ཀྱི་རྒྱུ་ནོར་ཧམ་ཟ་བྱེད་མཁན་ལ་ཟུར་ཟ་དང་རང་གི་ལག་ལ་བརྟེན་ནས་ཟས་གོས་ཚུལ་བཞིན་གསོག་པར་བསྔགས་པ་བརྗོད་པ་ལ། 《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“ཁོག་པའི་བོང་ཚད་ཆེ་ཡང་དེ་ཐམས་ཅད། ཟ་མ་གཅིག་པོའི་སྡོད་ས་ཡིན་མདོག་མེད། མིག་དང་གྲོད་པ་གཉིས་ལ་ཁེངས་རྒྱུ་མེད། ལྟོ་ཚོད་ཟ་ཚོད་རང་གིས་བྱས་པ་དགའ”ཞེས་པ་ལྟ་བུས་གཞན་རྒྱུ་བག་མེད་ཟ་བའི་རུལ་སུངས་ཅན་ལ་ཟུར་ཟ་དང་མདུང་རྩེ་ཁ་སྤྲོད་ཀྱི་རྣོ་ཚིག་འཕེན་པ་ཞིག་ཅིས་མ་ཡིན། གཞན་ཡང་བསླབ་བྱ་དེ་ལས“ཁོག་པ་ཟ་མ་གཅིག་པོའི་སྡོད་ས་མིན”ཞེས་སུན་འབྱིན་དང་ཐ་ཚིག་བསྒྲགས་གནང་ཞིང་ཤུགས་སུ་གཞན་ཕན་གྱི་བསམ་བློའི་རྒྱུད་ཅིག་སྙིང་ལ་སྐྱེ་དགོས་པ་དང་སྤྱི་ཚོགས་ཐོག་ཏུ་རང་གི་ལག་ལ་བརྟེན་ནས་ཟས་ནོར་ལོངས་སྤྱོད་ཚུལ་བཞིན་འགྲུབ་དགོས་པའི་གནས་ལུགས་བསྟན་ཡོད།
ལྔ། ཕ་མས་བུ་ཕྲུག་ཚུལ་བཞིན་སྐྱོང་བ་དང་སློབ་གསོར་མཐོང་ཆེན་བྱེད་དགོས་ཚུལ་བསྟན་པ།
མི་ཞིག་ལ་ཡ་རབས་ཚུལ་ལྡན་གྱི་སྤྱོད་བཟང་དང་བློ་བརྟན་ཞུམ་མེད་ཀྱི་སྙིང་སྟོབས་འཆང་བ་ལ་ཐོག་མར་གཞོན་ནུའི་དུས་ནས་ཀུན་སྤྱོད་སློབ་གསོ་གཏོང་བ་གནད་ཀྱི་དམ་པ་ཡིན། དེ་ཡང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབས། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད། ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་པའི་རྒྱུད། ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད”ཅེས་པ་ལས་ཡོན་ཏན་གྱིས་མིའི་རིགས་འོད་ཟེར་སྟོང་ལྡན་དང་ཤེས་དཔལ་ལྡན་པའི་ལམ་དུ་སྣེ་ཁྲིད་བྱེད་ཅིང་། རྗེས་ལུས་དང་རྨོངས་ཞེན་གྱི་ཁུང་བུ་ན་གཏན་དུ་འདུག་པའི་སྐྱེ་བོ་དེ་རིགས་བླུན་རྨོངས་ཀྱི་ཆ་ལས་མ་འདས་པ་བསྟན། འཇིག་རྟེན་གྱི་གནས་ལུགས་མཐའ་དག་ཡོན་ཏན་གྱིས་འབྱེད་དགོས་པས། ཡོན་ཏན་དང་ལྡན་པའི་སྐྱེ་བུ་དག་ནི་མིའི་རིགས་ཀྱི་བསམ་བློ་བཅིངས་འགྲོལ་གཏོང་བའི་གདོང་སྐྱོད་པ་ཞིག་དང་ཤེས་དཔལ་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་པ་བསྟན་ཡོད། ལོ་ཆུང་གཞོན་ནུ་ནི་རྒྱལ་ཁབ་ཀྱི་མ་འོངས་པའི་བདག་པོ་དང་རེ་བ་ཡིན་པས། ཆེ་སྤྱི་ཚོགས་དང་ཆུང་ཁྱིམ་ཚང་བར་ཁོ་ཚོར་ཡོན་ཏན་སློབ་པའི་དགོས་གལ་སྨྲ་བ་ནི་ལྡོག་མེད་ཀྱི་འགན་འཁྲི་ཞིག་ཡིན། 《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“ཕྲུ་གུ་ཆུང་དུས་ཨ་མའི་མགོ་རུ་སྡོད། ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་། ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར། ལུས་ལ་མི་གཡོག་དགུ་གཡོག་ཨ་མས་གཡོགས”ཞེས་དྲིན་ཆེན་གྱི་ཕ་མ་གཉིས་ལས་མ་ཡུམ་དམིགས་སུ་བཀར་ནས་རང་གི་བུ་ཕྲུག་ལ་རྒྱུན་གཏན་བྱ་ལུགས་འགྲོ་ལུགས་སོགས་ཆེས་མ་མཐའི་ཀུན་སྤྱོད་ནས་སློབ་གསོ་བཀྱོན་པ་ལས་གཅེས་མདོག་ཁ་པོས་ཞིམ་ཞིམ་དང་མཛེས་མཛེས་ཐམས་ཅད་ཕྲུ་གུའི་དགོས་པ་ཅི་རིགས་དང་བསྟུན་ཏེ་སྤྲོད་པ་ནི། དོན་དུ་ཤ་ཚར་མི་འགྲོ་བར་ཕྲུ་གུའི་མདུན་ལམ་རྨེག་མེད་དུ་བཅོམ་པའི་གཤེད་མའི་ས་བོན་བཏབ་པ་ལྟ་བུའི་གནས་ལུགས་བསྟན་ཡོད། རྩོམ་མཁན་གང་དེས་ཕུགས་རེ་བཅོལ་བའི་མི་རབས་ཕྱི་མ་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་རླབས་ཆེན་དགོངས་པ་མཚོན་པ་དང་། འཇིག་རྟེན་གྱི་ཨ་མ་ཚོས་བུ་ཕྲུག་སྐྱོང་བའི་ཐབས་ཚུལ་ངན་པ་རྣམས་ལ་དགག་རྒྱག་ཐེར་འདོན་དང་། རྒྱུན་དུ་ཕ་མ་གཉིས་ཀྱིས་ཐུན་མོང་ཐོག་གྲོས་སྡུར་དང་དོགས་སློང་། བསམ་གཞིག དཀྱེལ་ཡངས་བཅས་ལ་བརྟེན་ནས་དགོངས་པའི་སྙིང་བཅུད་བཏུས་ཏེ་འཇམ་རྩུབ་གང་བསྟུན་གྱིས་ཕྲུ་གུར་སློབ་གསོ་གཏོང་དགོས་པའི་གནས་ལུགས་བསྟན་ཡོད།
དྲུག ཕ་མའི་བཀའ་དྲིན་སྙིང་བཅངས་ཀྱིས་དྲིན་ལན་འཇལ་དགོས་པར་གདམས་པ།
《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“ཕྲུ་གུ་མ་ཡི་ཁོག་ནས་ཐོན་པའི་དུས། ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས། ཙེར་ཙེར་ཟེར་བ་ཙམ་ལས་ཤ་རྡོག་གཅིག ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས། རྐང་པ་ཡོད་ཀྱང་གོམ་པ་སྤོ་མི་ཤེས། རྣ་བ་ཡོད་ཀྱང་ཚིག་བརྡ་སྤྲོད་མི་ཤེས། མིག་གཉིས་ཡོད་ཀྱང་མཐོང་རྒྱུ་མ་ལས་མེད། སེམས་པ་ཡོད་ཀྱང་བསམ་རྒྱུ་མ་ལས་མེད། ངོ་ལ་འཁོར་བའི་སྦྲང་མ་དཀྲོག་མི་ཤེས། མིག་ལ་འཚངས་པའི་ཐལ་བ་འདོན་མི་ཤེས། གྲང་ངུ་འཁྱག་ངུ་ལྟོགས་ངུ་རྒྱག་པའི་དུས། ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐེབས་བཅག སྐམ་པ་བུ་དང་རློན་པ་ཕ་མས་བྱེད”ཅེས་དོན་རྒྱ་ཆེ་ལ་གོ་བདེའི་ཚིག་གི་བསྟན་པ་ལྟར། ཕ་མ་གཉིས་ཀྱིས་ཤ་རྡོག་སྦར་མོ་གང་ནས་བུ་ཕྲུག་གསོ་བའི་བྱ་བའི་བརྒྱུད་རིམ་ཇི་མ་ཇི་བཞིན་བཀོད་ནས་གཞོན་ནུ་ཀུན་གྱིས་ཕ་མའི་བཀའ་དྲིན་སྙིང་ལ་དྲན་དགོས་པ་མ་ཟད། ཕ་མ་གཉིས་ཀྱི་ཚེ་མཇུག་བདེ་ཞིང་སྐྱིད་པོ་ཡོང་བའི་དྲིན་ལན་གསོ་དགོས་པའི་བསླབ་གདམས་ཡོད། ཀློག་པ་ཙམ་གྱིས་མགྲིན་པ་བརྣངས་ཞིང་མིག་ཆུ་འཆོར་བའི་ཚིག་དོན་ལས་བསྟན་པ་ལྟར་ཕ་མ་གཉིས་ཀྱི་བཀའ་དྲིན་འདི་ནམ་མཁར་མི་གཤོང་ཞིང་ས་གཞིས་འདེགས་དཀའ་བས། གཞོན་ནུ་ཚོས་ཁ་ཆེ་ཕ་ལུའི་རིན་ཐང་ལྡན་པའི་གདམས་ངག་དེ་དག་འཚོ་བའི་ལམ་སྟོན་གྱི་སྒྲོན་མེར་བཟུང་དགོས། སྤྱི་ཚོགས་ཐོག་མི་འགའ་རེས་ཕ་མའི་བཀའ་དྲིན་དྲན་རྒྱུ་ལྟ་ཅི། རྒྱུན་དུ་ཁ་ལན་སློག་པ་དང་དངོས་ཤུགས་ཅི་རིགས་ནས་སྙིང་རླུང་སློང་བ། ཐ་ན་མནའ་མའི་ཆེད་ཕ་མར་རྡུང་རྡེག་གཏོང་བའི་སྐྱུག་བྲོ་བའི་སྤྱོད་ངན་མང་དག་ཅིག་བཤམས་པ་ནི《ཁ་ཆེ་ཕ་ལུའི་བསླབ་བྱ》ལས“ཕ་མ་མནའ་མའི་དབྱེ་འབྱེད་མ་ཤེས་ན། མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད། ཁྱི་ངན་སྨྱོ་ཡང་བདག་པོ་ངོས་ཀྱིས་འཛིན། ཁྱི་ལས་ལོད་པའི་མི་དེ་ཡ་ཡང་ང”ཞེས་འུ་ཐུག་པའི་གཏམ་ཐལ་བ་ལ་ཡང་ང་ཚོས་བསམ་བློ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ།
མདོར་ན། འཇིག་རྟེན་གྱི་གནས་ལུགས་བསྟན་པའི་བསླབ་བྱའི་གདམས་ངག་རེ་རེས་སྔར་ནས་ད་བར་རྒན་དར་གཞོན་གསུམ་ལ་ཡང་དག་པའི་བསམ་བློའི་མཛུབ་ཁྲིད་བྱེད་པ་དང་། ཡང་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་དར་རྒྱས་ལ་སློབ་གསོའི་ནུས་པ་མི་དམན་པ་ཐོན་བཞིན་ཡོད།
(འཆི་མེད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རོགས་ཁྲིད་པ་དང་ཆ་འཕྲིན་ལག་རྩལ་སྡེ་ཁག་གི་སློབ་མའི་དོ་དམ་ཁང་གི་དགེ་རྒན་ཡིན། རྩོམ་ཡིག་འདི་ནི་2021ལོའི་བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་གྲྭའི་མི་རིགས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ལས་གཞིའི་བར་སྐབས་དཔྱད་འབྲས་ཡིན། ཆོག་མཆན་ཨང་རྟགས་ནི་SK2021-21ཡིན)