རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྒྲ་སྙན་རྒོད་པོའི་རྒྱུན་འཛིན་པ་བསོད་ནམས་དབང་ཕྱུག
སྙན་ཞིང་འཇེབས་པའི་སྒྲ་དབྱངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད།
འདི་ནི་བསོད་ནམས་དབང་ཕྱུག་གིས་སྒྲ་སྙན་རྒོད་པོ་དཀྲོལ་བཞིན་པ།
པི་ཝང་ནི་བོད་ཀྱི་སྲོལ་རྒྱུན་རོལ་ཆའི་གྲས་ཤིག་ཡིན་ཞིང་། དེའི་བཟོ་དབྱིབས་པི་ཝང་རྒྱུད་གཉིས་མ་དང་འདྲ་པོ་ཡོད། དེའི་སྒྲ་གསལ་བ་དང་དབྱངས་སྙན་པས། རྒྱུན་དུ་རྐྱང་དཀྲོལ་དང་། གླུ་གར། གཞས་མ་གཏམ་སོགས་ལ་རམ་དཀྲོལ་བྱེད་ཀྱི་ཡོད། འདི་ནི་འཁྲབ་སྟོན་པས(གཡོན)པི་ཝང་ངོ་སྤྲོད་བྱེད་བཞིན་པ།
རྔ་ནི་བོད་ཀྱི་སྲོལ་རྒྱུན་རོལ་ཆ་ཞིག་ཡིན་པ་དང་། དེའི་སྒྲ་རྫིག་ཉམས་དོད་ལ་གསལ་པོ་ཡོད། བོད་ཀྱི་དཀྲོལ་གཏོང་རོལ་ཆའི་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། འདི་ནི་འཁྲབ་སྟོན་པས་རྔ་བརྡུངས་ནས་འཁྲབ་སྟོན་ལ་རམ་འདེགས་བྱེད་བཞིན་པ།
ནང་མ་སྟོད་གཞས་རོལ་ཆའི་རུ་ཁག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་གླུ་གཞས་དང་། གར་སྟབས། རོལ་དབྱངས་གསུམ་ཟུང་དུ་འབྲེལ་བའི་ནང་མ་སྟོད་གཞས་ལ་སྒྲ་སྙན་དང་། སྒྲ་སྙན་ཅིན་ཧུའུ། རོལ་ཆ་དབྱང་ཆིན། གླིང་བུ། གདུབ་དྲིལ་སོགས་རོལ་ཆ་མང་པོ་ཚུད་ཡོད། འདི་ནི་ལྷ་སའི་ནང་མ་སྟོད་གཞས་རོལ་ཆའི་རུ་ཁག་གིས་རོལ་ཆ་དཀྲོལ་བཞིན་པ།
རལ་པར་བོད་ཀྱི་སྲོལ་རྒྱུན་རོལ་ཆ་གཤང་རྔ་གཙོ་བོར་བྱས་ནས་གཞས་མ་གཏམ་དང་། གླུ་གར། རྩལ་རྩེད། རལ་པའི་གར་སོགས་གཞི་གཅིག་ཏུ་འདུས་ཡོད་ཅིང་། 2006ལོར། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་ཚུད་ཡོད། འདི་ནི་ལོ་ཆུང་བྱིས་པས་རལ་པ་འཁྲབ་བཞིན་པ།
གངས་རིན་པོ་ཆེའི་ལྷོ་འདབས་ནས་བཞུར་བའི་གླང་ཆེན་ཁ་འབབ་རི་བོ་ཧི་མ་ལ་ཡའི་འདབས་སུ་གནས་པའི་བསྟི་ཡག་ཤང་བརྒྱུད་དལ་བ་དལ་བུར་རྒྱུ་བའི་སྐབས་སུ། འབྲས་ཤིང་སྟུག་པོའི་གསེབ་ནས་ལྷང་ལྷང་དུ་གྲགས་པའི་སྒྲ་སྙན་གྱི་སྙན་འཇེབས་འགྱུར་ཁུག་གིས་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་ནས་སྟངས་སྟབས་དལ་དུ་བཏང་བ་དང་གཉིས་སུ་མ་མཆིས།
དེ་འདྲའི་འགྱུར་ཁུག་སྙན་པའི་སྒྲ་སྙན་བསྟི་ཡག་ཤང་དུ་མི་རབས་མང་པོ་བརྒྱུད་དེ་ད་ཆ་རྒད་པོ་བསོད་ནམས་དབང་ཕྱུག་གིས་རྒྱུན་འཛིན་བྱེད་བཞིན་མཆིས།
“ང་རང་ཧ་ཉིད་གོ་བ་ནས་བཟུང་། ཁྱིམ་ལ་སྒྲ་སྙན་རྒོད་པོ་ཆེ་ཆུང་སྣ་ཚོགས་ཡོད་པས། ལས་ཀ་མེད་དུས་ངའི་པཱ་ལགས་སྒྲ་སྙན་རྒོད་པོ་དཀྲོལ་རྒྱུར་མཉེས་པོ་ཡོད། སྐབས་རེ་ནང་མི་རྣམས་རུབ་རུབ་བྱས་ནས་པཱ་ལགས་ཀྱིས་སྒྲ་སྙན་དཀྲོལ་གནང་གི་ཡོད། ཁྱིམ་དུ་སྒྲ་སྙན་དཀྲོལ་གཏོང་གི་རྒྱུན་ཧ་ལམ་ཆད་མྱོང་མེད་ཅེས་བཤད་ཆོག སྒྲ་སྙན་རྒོད་པོ་དཀྲོལ་བ་སྔ་མོ་ཉིད་ནས་ང་ཚོའི་འཚོ་བའི་ཆ་ཤས་སུ་གྱུར་ཡོད”ཅེས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་བསྟི་ཡག་གྲོང་ཚོའི་ཞིང་ཁྱིམ་སྒོ་ར་ཞིག་གི་འབྲས་ཤིང་འོག་སྒྲ་སྙན་རྒོད་པོ་དཀྲོལ་བཞིན་པའི་བསོད་ནམས་དབང་ཕྱུག་གིས་དེ་ལྟར་བཤད།
བསོད་ནམས་དབང་ཕྱུག་གི་ཁྱིམ་དུ་སླེབས་དུས། ཁོང་གིས“སྒྲ་སྙན་རྒོད་པོ་བཟོ་སྐབས་ལས་རིམ་བཅུ་ཙམ་བརྒྱུད་དགོས། དེའང་རྒྱུ་ཆ་གྲ་སྒྲིག་བྱེད་པ་ནས་ཡོངས་སུ་བཟོས་ཟིན་པའི་བར་ཉིན་བཅུའི་ཡས་མས་འགོར་བ་དང་། སྒྲ་སྙན་གྱི་རྒྱུ་ཆ་འདེམས་པར་དང་དོད་ཤིན་ཏུ་ཆེ་བ་དང་། སྒྲ་སྙན་བཟོ་བར་སྤྱིར་སྦྱར་པ་དང་། ཤུག་པ། སེང་ལྡེང་། སྟར་ཤིང་། ཙན་དན་སོགས་དགོས། སྒྲ་གསལ་པོ་ཐོན་མིན་གལ་ཆེན་པོ་རེད”ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
བསོད་ནམས་དབང་ཕྱུག་གི་སྐོར་གླེང་མ་ཐག་ཡུལ་མི་ཚོས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“རོལ་ཆ་མཁས་ཅན”ཁོང་ལ་གུས་ཞབས་ཆེན་པོ་བྱེད་ཀྱི་འདུག འདི་ལོ་ལོ་དྲུག་ཅུ་ལ་སླེབས་པའི་བསོད་ནམས་དབང་ཕྱུག་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་པ་ཞིག་རེད། དཔུང་པ་ས་འོག་ཏུ་བཅུག་ནས་ས་ཞིང་རྨོ་འདེབས་བྱེད་པ་ཕུད། མི་ཚེ་ཧྲིལ་པོར་དགའ་ཤོས་བྱེད་ས་ནི་སྒྲ་སྙན་རྒོད་པོ་དཀྲོལ་རྒྱུ་དེ་རེད། ལོ་14ནས་བཟུང་། བསོད་ནམས་དབང་ཕྱུག་གིས་པཱ་ལགས་ཀྱི་ས་ནས་སྒྲ་སྙན་རྒོད་པོ་བཟོ་སྟངས་དང་དཀྲོལ་སྟངས་སྦྱངས་ཤིང་། ད་ཆ་སྒྲ་སྙན་རྒོད་པོའི་རྒྱུན་འཛིན་པ་མི་རབས་གསུམ་པ་རེད། བསོད་ནམས་དབང་ཕྱུག་གིས། ངའི་པཱ་ལགས་ཀྱིས་ཕ་མེས་ཀྱི་ས་ནས་སྒྲ་སྙན་རྒོད་པོ་བཟོ་སྟངས་སྦྱངས་པ་དང་། དེ་ནས་ང་ལ་བསླབས་གནང་སྟེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་ཅེས་གསར་འགོད་པར་བཤད།
སྒྲ་སྙན་རྒོད་པོ་གཙོ་བོ་རི་བོ་ཧི་མ་ཡ་ལའི་འདབས་སུ་ཆགས་པའི་བསྟི་ཡག་ཤང་དུ་དར་བ་དང་། དེ་ནི་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཤུལ་བཞག་དང་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དཀྲོལ་གཏོང་རོལ་ཆ་ཞིག་ཡིན་པའི་ཆ་ནས་ཕྱི་དབང་དུང་དཀར་རྗེས་ཤུལ་གྱི་ལྡེབས་རིས་སུ་གསལ་པོ་འཁོད་ཡོད་ལ། དེང་གི་སྒྲ་སྙན་མ་དར་གོང་གི་རོལ་ཆ་ཞིག་ཡིན་པས། ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ས་གནས་དེ་གར་སྒྲ་སྙན་ལ་རྒོད་པོ་ཞེས་འབོད་པ་ནི་བྱ་རྒོད་ཀྱི་སོག་པ་དང་འདྲ་བས་མིང་དེ་ལྟར་ཐོགས་པ་དང་། དེའི་སྒྲ་གདངས་དང་དཀྲོལ་སྟངས་ལ་ལོ་རྒྱུས་ཧ་ཅང་ཡུན་རིང་ལྡན་པ་དང་རྙོག་འཛིང་ཆེ་བ་ཞིག་ཡོད་ལ། མངའ་རིས་ཀྱི་སེང་གེ་ཁ་འབབ་རྒྱུད་ཀྱི་དམངས་ཁྲོད་གླུ་གར་གྱི་རམ་འདེགས་རོལ་ཆ་གལ་ཆེན་ཞིག་ཀྱང་རེད།
བསོད་ནམས་དབང་ཕྱུག་ཁྱིམ་གྱི་སྒོ་རའི་ཟུར་ཞིག་ལ་སོག་ལེ་དང་། འབུར་ལེན། གཟོང་། རྡར་རྡོ་སོགས་གྲལ་འགྲིག་པོས་བསྒྲིགས་ནས་མཁོ་རྒུ་ཚང་མ་འཛོམས་ཡོད། “སྒྲ་སྙན་རྒོད་པོ་དང་། པི་ཝང་། རྔ་བཅས་ཚང་མ་བཟོ་གི་ཡོད། ཐེངས་ཤིག་སྒྱུ་རྩལ་ཚོགས་པ་དང་སློབ་གྲྭར་རོལ་ཆ་དགོས་ཟེར་ནས་ངའི་སར་བཟོ་བར་སླེབས་བྱུང”ཞེས་བསོད་ནམས་དབང་ཕྱུག་གིས་སྤོབས་པ་ཆེན་པོས་བཤད།
ཁྱིམ་མཚེས་གྲོང་ཚོ་དང་རང་གྲོང་ཚོའི་དགེ་ཕྲུག་ཚོར་སྒྲ་སྙན་རྒོད་པོ་དཀྲོལ་སྟངས་དང་བཟོ་སྟངས་བསླབས་པ་ཕུད། བསོད་ནམས་དབང་ཕྱུག་གིས་ད་དུང་མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་བོད་ལྗོངས་སློབ་ཆེན་སོགས་སུ་གདན་ཞུས་ལྟར་སྒྲ་སྙན་རྒོད་པོའི་སློབ་ཚན་ཁྲིད་ཀྱི་ཡོད། ཁོང་གིས“རིག་གནས་རྒྱུན་འཛིན་བྱེད་པར་ཆུང་དུས་ནས་དམ་འཛིན་བྱེད་དགོས། སྒྲ་སྙན་རྒོད་པོ་དཀྲོལ་སྟངས་དང་བཟོ་སྟངས་སློབ་མར་ཁྲིད་དེ། སྲོལ་རྒྱུན་རིག་གནས་ལ་བཅངས་པའི་ཁོང་ཚོའི་སྤྲོ་སེམས་འཕེལ་བར་བྱས་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་ནི་དོན་སྙིང་ཆེ་བའི་ལས་ཀ་ཞིག་རེད”ཅེས་བརྗོད།
རང་སྐྱོང་ལྗོངས་རིམ་པའི་སྒྲ་སྙན་རྒོད་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་གི་ངོས་ནས། ཉེ་བའི་ལོ་ཤས་རིང་། བསོད་ནམས་དབང་ཕྱུག་གིས་སློབ་གྲྭ་ཁག་ཏུ་བསྐྱོད་དེ་སྒྲ་སྙན་རྒོད་པོའི་སྐོར་གྱི་སློབ་ཚན་ཐེངས་140ལྷག་ཙམ་ཁྲིད་ཅིང་། “ངས་ནུས་པས་ལྕོགས་ཚོད་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་རྒོད་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བསོད་ནམས་དབང་ཕྱུག་གིས་བརྗོད།
ད་ལྟ་སྒྲ་སྙན་རྒོད་པོ་དཀྲོལ་གཏོང་ལ་མཁས་པ་མང་ཆེ་བ་ཁྱིམ་རྒྱུད་ནས་རྒྱུན་འཛིན་བྱས་པ་ཞེ་གཅིག་རེད། སྒྲ་སྙན་དཀྲོལ་ཤེས་ལ་བཟོ་ཐུབ་མཁན་རྒན་རྒོན་ཁ་ཤས་ལས་མེད་པ་དེ་དག་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་བསྟི་ཡག་དང་། ཟ་ཧྲེང་། ཆུ་གསུམ་བཅས་རྒྱུད་དུ་ཡོད། སྲོལ་རྒྱུན་གྱི་རོལ་ཆ་འདི་མ་ཉམས་གོང་འཕེལ་གཏོང་ཆེད། བསོད་ནམས་དབང་ཕྱུག་གི་བུ་གཉིས་ཀས་ཕ་ཡི་ས་ནས་སྒྲ་སྙན་རྒོད་པོ་དཀྲོལ་སྟངས་དང་བཟོ་སྟངས་ཡག་པོ་སྦྱངས་ནས་རྩལ་ནུས་དེ་རྒྱུན་འཛིན་བྱེད་བཞིན་ཡོད།
“ང་རང་ལོ་19ནས་བཟུང་པཱ་ལགས་ཀྱི་ས་ནས་སྒྲ་སྙན་རྒོད་པོ་དཀྲོལ་སྟངས་སྦྱངས་པ་ཡིན། སྒྲ་སྙན་རྒོད་པོའི་དཀྲོལ་སྟངས་དང་བཟོ་སྟངས་དེ་པི་ཝང་དང་འདྲ་པོ་ཡོད། ངས་ད་དུང་མུ་མཐུད་ཡག་པོ་སྦྱངས་ནས་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་འདི་རྒྱུན་འཛིན་བྱས་ཏེ། མི་དེ་བས་མང་པོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འདིར་རྒྱུས་ལོན་དང་སྲོལ་རྒྱུན་རོལ་ཆའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བསོད་ནམས་དབང་ཕྱུག་གི་བུ་གཞོན་པས་བརྗོད།