བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས།
“ཤོན་ཆས”དེ་བས་བཀྲག་མདངས་འཚེར་བར་བྱས་པ།
གཡང་ཊི་དང་། འུར་རྡོ། ཕྱུ་པ་ལ་སོགས་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་རྒད་པོ་ནོར་ལྷའི་བཟོ་ཁང་དུ་ཚོན་མདོག་རྣམ་པར་བཀྲ་ཞིང་ཁྱད་ཆོས་དམིགས་བསལ་ལྡན་པའི་བསེ་འཁོར་གྱོན་ཆས་ལ་འཛད་སྤྱོད་པ་མང་པོ་ཞིག་གི་ཡིད་དབང་འཕྲོགས། ལོ་རྒྱུས་ཡུན་རིང་ལྡན་པའི་བསེ་འཁོར་གྱོན་ཆས་ནི་གཙོ་བོ་ཁ་དོག་དམར་པོ་དང་། ལྗང་ཁུ། ནག་པོ། སེར་པོ། སྔོན་པོ་བཅས་ལྔ་ལས་གྲུབ་ཅིང་། ས་གནས་དེ་གའི་མི་རྣམས་ཀྱིས“ཤོན་ཆས”ཞེས་བརྗོད་ཀྱི་ཡོད། 2013ལོར་བསེ་འཁོར་གྱོན་ཆས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བཅུག་པ་རེད།
ལོ་66ལ་སླེབས་པའི་རྒད་པོ་ནོར་ལྷ་ནི་བསེ་འཁོར་གྱོན་ཆས་བཟོ་རྩལ་གྱི་རྒྱུན་འཛིན་པ་ཡིན་པ་དང་། ཁོང་གི་ཡང་སྤོ་ནས་བཟུང་ནང་མི་ཚང་མས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་འདི་བྱང་ཆུབ་ཀྱི་ཡོད། རྒྱུ་ཆ་འདེམས་པ་དང་། ཚོས་རྒྱག་པ། ལག་འཚེམ་སོགས་ལས་རིམ་ཚང་མར་ངེས་པར་དུ་ནན་ཏན་ཞིབ་ཚགས་བྱེད་དགོས། “བསེ་འཁོར་གྱོན་ཆས་ནི་མེས་པོས་བཞག་པའི་རྒྱུ་ནོར་ཞིག་ཡིན་པས་འདི་བསྐྱུར་མི་རུང”བའི་བསམ་ཚུལ་བཅངས་ནས་རྒད་པོ་ནོར་ལྷས་དཀའ་ལས་ཆེན་པོ་བརྒྱབ་ནས་བསེ་འཁོར་གྱོན་ཆས་དར་རྒྱས་གོང་འཕེལ་བཏང་ཡོད།
རྒད་པོ་ནོར་ལྷས“དང་ཐོག་མ་དངུལ་དཀོན་པ་དང་། ངལ་ནུས་མི་འདང་བ། རྒྱུ་ཆ་སྤུས་དག་དཀོན་པོ་འདུག ཕྱིས་སུ་སྲིད་གཞུང་གི་མཐུན་སྦྱོར་རོགས་རམ་འོག་མངགས་ཐོ་ཉིན་བཞིན་མང་དུ་ཕྱིན་སོང”ཞེས་བཤད། ཁོང་གིས་མི་གཞན་གྱི་ས་ནས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཐོན་རྫས་ཀྱི་སྒྱུ་རྩལ་གྱི་རང་བཞིན་དང་དངོས་སྤྱོད་ཀྱི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ད་ཆ་རྒད་པོ་ནོར་ལྷའི་བཟོ་ཁང་གི་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་70ཙམ་ཟིན་གྱི་ཡོད།
བཟོ་ཁང་དུ་སྐྱོད་སྐབས་ལས་བཟོ་རྣམས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་འདུག རྒད་པོ་ནོར་ལྷས“ད་ཆ་ཐོན་རྫས་བྲིན་ཁ་མི་རྒྱུག་པའི་སེམས་ཁྲལ་མི་འདུག སྐབས་རེ་དགོས་མཁོ་སྐོང་མི་ཐུབ་པའི་སེམས་ཁྲལ་འདུག”ཅེས་བཤད། རྒད་པོ་ནོར་ལྷའི་བཟོ་ཁང་གིས་ལོ་ལྟར་ས་གནས་དེ་གའི་ཞིང་འབྲོག་པར་ལས་གནས་བཅུ་ཕྲག་ཁ་ཤས་མཁོ་འདོན་བྱེད་ཀྱི་ཡོད། ལོ་མང་རིང་ཁོང་གིས་རང་ཉིད་ཀྱི་ལག་རྩལ་དགེ་ཕྲུག་བརྒྱ་ལྷག་ཙམ་ལ་བསླབས་པ་ལས། དགེ་ཕྲུག་8སྦྱངས་པ་མཐར་ཕྱིན་ཏེ་བསེ་འཁོར་གྱོན་ཆས་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད།
“ཕྱུག་འགྱུར་སྣེ་ཁྲིད་པ”དང་། “ཡུལ་སྐོར་སྔོན་ཐོན་ཁེ་ལས” “དབུལ་སྐྱོར་ལས་ཞུགས་བཟོ་ཁང་ཕུལ་བྱུང”སོགས་རྒད་པོ་ནོར་ལྷའི་ཁྱིམ་དུ་ཁོང་ལ་ཐོབ་པའི་གཟི་བརྗིད་ལག་ཁྱེར་བཅུ་ཕྲག་ཁ་ཤས་ཉར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་མང་རིང་རྒད་པོ་ནོར་ལྷས་སྒེར་རྩེ་རྫོང་གི་སློབ་མ་དབུལ་པོར་རོགས་དངུལ་སྤྲོད་པ་དང་ལོ་ལྟར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྐབས་ཁོང་གིས་ཕྲུ་གུ་ཚོར་དྲོ་སྐྱིད་བྱིན་ནས་གཅེས་སེམས་འཆང་གི་ཡོད།
རྒད་པོ་ནོར་ལྷས“ད་ཆ་མི་མང་པོ་ཞིག་གིས་བསེ་འཁོར་གྱོན་ཆས་ལ་དགའ་པོ་བྱེད་པ་དང་བསེ་འཁོར་རྒྱན་གོས་ཀྱི་སྐད་གྲགས་ཆེ་རུ་འགྲོ་བ་མཐོང་སྐབས། ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད། 2014ལོ་ནས་བཟུང་རྒད་པོ་ནོར་ལྷ་ལོ་ལྟར་གདན་ཞུས་ལྟར་དངོས་མང་སྟོན་ཚོགས་ཆེ་གྲས་ལ་ཞུགས་ཀྱི་ཡོད། ལྷ་ས་དང་ཤིས་ཨན་དུ་གཉེར་བའི་དངོས་མང་སྟོན་ཚོགས་ལ་རྒྱལ་ཡོངས་ས་གནས་ཁག་ནས་སླེབས་པའི་གྲོགས་པོ་ཚོས་བསེ་འཁོར་གྱོན་ཆས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་སྣང་མྱོང་རོལ་ཐུབ་སོང”ཞེས་ཁོང་གིས་གད་མོ་དགོད་བཞིན་དུ་བཤད།
འབྱུང་འགྱུར་བསེ་འཁོར་གྱོན་ཆས་ཀྱི་འཕེལ་རྒྱས་ཐད་རྒད་པོ་ནོར་ལྷར་བསམ་ཚུལ་མང་པོ་ཡོད། ཁོང་གིས“ངེས་པར་དུ་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་སུ་འབྲང་བ་དང་གྱོན་ཆས་དཔེ་གསར་ཇུས་འགོད་ཀྱི་དཔེ་མཚོན་ལ་མང་ཙམ་ལྟ་དགོས། ལས་བཟོ་ཚོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་ཡང་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། སླད་ཕྱིན་ངའང་པེ་ཅིང་སོགས་སུ་སློབ་སྦྱོང་ལ་འགྲོ་གི་ཡིན”ཞེས་བཤད། གོམ་སྟབས་རྗེས་མར་རྒད་པོ་ནོར་ལྷའི་བཟོ་ཁང་གི་གཞི་ཁྱོན་ད་དུང་ཆེ་རུ་གཏོང་གི་ཡོད། “ད་ཆ་ན་གཞོན་ཚོར་བསམ་བློ་གསར་པ་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། ངའི་བསམ་འདུན་ཆེ་ཤོས་ནི་ཁོ་ཚོས་མངོན་མིན་རིག་གནས་ཤུལ་བཞག་འདི་རྒྱུན་འཛིན་ཡག་པོ་བྱེད་དགོས”ཞེས་ཁོང་གིས་བཤད། དེ་དང་དུས་མཚུངས། རྒད་པོ་ནོར་ལྷར་ད་དུང“རྟེན་རྫས་ཁང་གཉེར་བའི”ཕུགས་འདུན་ཞིག་ཡོད། ལོ་20ཡི་རིང་ཁོང་གིས་འཚོ་བ་དང་ལས་ཀར་བསེ་འཁོར་གྱོན་ཆས་དང་འབྲེལ་བའི་དངོས་པོ་རྙིང་པ་མི་ཉུང་བ་ཞིག་འཚོལ་བསྡུ་བྱས་ནས་ཁྱིམ་གྱི་ཉལ་ཁང་གཅིག་ཁེངས་ཡོད། “དངོས་པོ་མང་པོ་ཞིག་དེང་གི་ཕྲུ་གུ་ཚོས་མཐོང་མྱོང་མེད་པས། ངས‘བསེ་འཁོར་གྱོན་ཆས་རྟེན་རྫས་ཁང་ཆུང་གྲས’ཤིག་གཉེར་གང་ཐུབ་བྱེད་ཀྱི་ཡིན”ཞེས་ཁོང་གིས་བཤད།
ཟླ་8ཚེས་27ཉིན་ནི་རྒད་པོ་ནོར་ལྷའི་ཁྱིམ་ལ་མཚོན་ན་དགའ་འོས་པའི་ཉིན་མོ་ཞིག་རེད། རྒད་པོ་ནོར་ལྷའི་བུ་མོ་ཆུང་བ་སྤེན་པ་ཆུང་སྐྱིད་ཧུའུ་ནན་གྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པ་དང་ནང་མི་ཚང་མ་དགའ་སྤྲོས་འཁོལ་ཡོད།
ལེ་དབར་སྟོང་གི་སར་ཐོན་ཉེར་ཡོད་པའི་སྤེན་པ་ཆུང་སྐྱིད་ཀྱིས་པ་ཕས་བཙེམས་པའི་བསེ་འཁོར་གྱོན་ཆས་གྱོན་བཞིན་སེམས་འགུལ་ཆེན་པོ་ཐེབས་པའི་ངང“བསེ་འཁོར་གྱོན་ཆས་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད། ངས་སློབ་གྲྭར་བསེ་འཁོར་གྱོན་ཆས་ལ་བརྟེན་ནས་ཕ་ཡུལ་ངོ་སྤྲོད་བྱེད་སྐབས། ངར་སྤོབས་སེམས་ཚད་མེད་སྐྱེས་པ་སྨོས་མེད་རེད། བསེ་འཁོར་ཤོན་ཆས་མ་འོངས་པར་དེ་བས་བཀྲག་མདངས་ལྡན་པར་འགྱུར་སྲིད”ཅེས་བཤད།