དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • མིག་དམར།

    སྲོལ་རྒྱུན་གྱི་གྱོན་ཆས་ལས་དར་སྲོལ་མངོན་པར་བྱེད་མཁན་མངའ་རིས་ཀྱི་གཞོན་ནུ་ལས་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-28

    འདི་ནི་མིག་དམར་གྱིས་ཐོན་རྫས་ཇུས་འགོད་བྱེད་པ།

    ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཆས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ས་གནས་ཁག་གི་ས་གཤིས་དང་རིག་གནས་མི་འདྲ་བའི་དབང་གིས་བོད་ཆས་ཀྱི་རྒྱུ་ཆ་དང་བཟོ་རྩལ་ཐད་ལའང་ཁྱད་པར་ཅུང་ཆེན་པོ་ཡོད། “འཛམ་གླིང་གི་ཡང་རྩེ”ཞེས་འབོད་པའི་མངའ་རིས་ས་ཁུལ་ལ་མཚོན་ན། ས་གཤིས་ཁོར་ཡུག་དམིགས་བསལ་ཡིན་པའི་དབང་གིས་ཞིང་ལས་དང་འབྲོག་ལས་ཀྱི་རིག་གནས་རིགས་གཉིས་འཕེལ་རྒྱས་བྱུང་བ་དང་། ས་ཁུལ་དེའི་རྫོང་བདུན་པོ་ཕན་ཚུན་བར་ཐག་རིང་བ། ཞང་ཞུང་རིག་གནས་དང་ཐུ་བྷོད་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ། མཐའ་འཁོར་གྱི་ས་ཁུལ་དང་སྤེལ་རེས་ཅུང་མང་བ་བཅས་ལས་མངའ་རིས་ས་ཁུལ་གྱི་སྲོལ་རྒྱུན་གྱོན་ཆས་ནི་སྣ་ཁ་མང་ཞིང་ཐུན་མོང་མ་ཡིན་པ་ཞིག་ཏུ་སྣང་།

    ཉེ་བའི་ལོ་ཤས་རིང་། བོད་ཆས་ལ་སྤུས་ཚད་དང་བཟོ་ལྟའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གཞོན་རབས་པ་ཚོར་མཚོན་ན། བོད་ཆས་ནི་དུས་ཆེན་ཁོ་ན་ཙམ་མ་ཡིན་པར་དུས་རྒྱུན་དུ་གྱོན་པའི་དར་སྲོལ་ཆེ་བའི་གྱོན་ཆས་ཤིག་ཏུ་གྱུར་ཡོད། སྲོལ་རྒྱུན་གྱི་གྱོན་ཆས་ཁྲོམ་ར་སྣ་མང་ཅན་དང་དེ་བཞིན་དེང་རབས་ཀྱི་མིའི་མཛེས་དཔྱོད་དང་སྔར་བས་མཐུན་པར་བྱ་ཆེད། གཞོན་ནུ་མང་པོ་ཞིག་སྲོལ་རྒྱུན་གྱི་གྱོན་ཆས་རིག་གནས་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ་བཞིན་ཡོད། ཁོང་ཚོས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག དར་སྲོལ་ཆེ་བའི་དེང་རབས་ཀྱི་གཞི་རྒྱུ་རྒྱུན་ཆད་མེད་པར་བསྣན་ཏེ། བོད་ཆས་ལ་དགའ་བསུ་དེ་བས་ཆེ་བ་ཐོབ་པར་བྱས་ཡོད།

    མངའ་རིས་ས་ཁུལ་གྱི་མིག་དམར་ནི་གཞོན་ནུ་དེ་ཚོའི་གྲས་ཤིག་རེད། ཁོང་གིས་བཙུགས་པའི་རྒོད་པོའི་བརྩེ་སེམས་རིག་གནས་འཕེལ་རྒྱས་གསར་སྤེལ་ཚད་ཡོད་ཀུང་སི་ནི་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་གཏོང་བའི་དཔེ་མཚོན་གསར་པ་ཞིག་རེད།

    དང་ཐོག་མིག་དམར་དང་འཕྲད་སྐབས། ཁོང་གིས་ཀུང་སིའི་ནང་དུ་སྒེར་རྩེའི་བསེ་འཁོར་གྱོན་ཆས་གྱི་རི་མོ་དང་ཆར་གདུགས་ཟུང་འབྲེལ་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་ཇུས་འགོད་བྱེད་བཞིན་འདུག ཀུང་སིའི་གྱང་ལྡེབས་སུ་བཀལ་བའི་གྱོན་ཆས་ཤིག་ལ་གསར་འགོད་པའི་ཡིད་དབང་ཤོར་སོང་། བལྟས་ཚོད་ལ་སྤྱིར་བཏང་གི་ཉིའུ་ཙེའི་སྟོད་གོས་ཤིག་ཡིན་བཟོ་འདུག་མོད། ཞིབ་ཏུ་བལྟས་ཚེ་བོད་བཟོའི་སྲོལ་རྒྱུན་གྱོན་ཆས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་འདུག སྟོད་གོས་དེ་ཐོག་མར་ཇུས་འགོད་བྱེད་སྐབས་ཀྱི་བསམ་ཚུལ་གང་ཡིན་ཞེ་ན། སྲོལ་རྒྱུན་གྱི་གྱོན་ཆས་གྱོན་བདེ་པོ་དང་ཕུད་བདེ་པོ་མེད་པའི་རྐྱེན་གྱིས། སྐབས་རེ་གྱོན་འདོད་ཀྱང་རྙོག་དྲར་བསུན་ནས་གྱོན་གྱི་མེད། དེར་དམིགས་ནས་ངས་སྲོལ་རྒྱུན་བོད་ཆས་ཀྱི་རྒྱུ་ཆ་དང་དེང་རབས་ཀྱི་སྟོད་གོས་བཟོ་སྟངས་ཟུང་འབྲེལ་བྱས་ནས་མི་དེ་བས་མང་བས་སྲོལ་རྒྱུན་གྱོན་ཆས་ཀྱི་ཐུན་མིན་ཁྱད་ཆོས་ཐད་ཀར་མཐོང་ཐུབ་པར་བྱས་པ་ཡིན་ཞེས་མིག་དམར་གྱིས་ངོ་སྤྲོད་བྱས།

    སྟོད་གོས་ཙམ་མ་ཡིན་པར། མིག་དམར་གྱིས་ད་དུང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་འབྲོག་པས་ནམ་རྒྱུན་གྱོན་པའི་ཕྱིང་ཞྭ་ལ་ཡང་དེང་རབས་ཀྱི་གཞི་རྒྱུ་བསྣན་ནས་དར་སྲོལ་དང་སྤྱོད་གོ་ཆེ་བའི་ཕྱིང་ཞྭ་ཞིག་བཟོས་ཡོད། “བོད་བཟོའི་རི་མོ་ཡོད་པའི་རྒྱུ་ཆ་དང་དེང་རབས་གྱོན་ཆས་ཟུང་འབྲེལ་བྱས་ཚེ་བསམ་ཡུལ་ལས་འདས་པའི་མཛེས་དཔྱོད་ཀྱི་ཕན་ནུས་ཐོན་གྱི་འདུག ངས་བལྟས་ན། གཞོན་ནུ་སྔར་བས་མང་པོར་སྲོལ་རྒྱུན་གྱི་གྱོན་ཆས་རིག་གནས་ལ་རྒྱུས་ལོན་བྱ་རྒྱུའི་ལྕག་སྐུལ་ཐེབས་ནས་གྱོན་ཆས་འདིའི་རིགས་གྱོན་མཁན་ཡང་ཇེ་མང་དུ་འགྲོ་ངེས་རེད་སྙམ་གྱི་འདུག”ཅེས་མིག་དམར་གྱིས་བཤད།

    མིག་དམར་གྱི་ཀུང་སིའི་ནང་དུ། ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རིག་གནས་བསམ་བཀོད་ཐོན་རྫས་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་གུ་གེའི་ལྡེབས་རིས་ཀྱི་གཞི་རྒྱུ་བསྣན་པའི་དེང་རབས་རི་མོ་དང་། རུ་ཐོག་གི་རི་གསུམ་བྲག་བརྐོས་རི་མོའི་གཞི་རྒྱུ་བསྣན་པའི་གློག་ཞུ། མངའ་རིས་ས་ཁུལ་གྱི་རྫོང་བདུན་པོའི་སྲོལ་རྒྱུན་གྱོན་ཆས་གཡོགས་པའི་རྩེད་ཆས་སོགས་ཀྱང་མང་པོ་ཡོད། “ཐོན་རྫས་འདི་དག་ཚང་མ་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད། ངས་གཞོན་ནུ་ཚོས་དགའ་པོ་བྱེད་པའི་གཞི་རྒྱུ་ཁག་གཅིག་རང་ཉིད་ཀྱི་ཇུས་འགོད་ནང་བཅུག་ཡོད། མངའ་རིས་ཀྱི་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས། སོ་སོའི་ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་ནི་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་ཡིན་ལ། ངས་ཐོག་མཐའ་བར་གསུམ་དུ་སྒྲུབ་བཞིན་པའི་ལས་དོན་ཞིག་ཀྱང་ཡིན”ཞེས་མིག་དམར་གྱིས་གསར་འགོད་པར་བཤད།

    མིག་དམར་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ཨ་ཕའི་ཤུགས་རྐྱེན་ཟབ་མོ་ཐེབས་པས་རེད། མིག་དམར་གྱི་ཨ་ཕ་ས་ཕྱོགས་གང་སར་འགྲོ་དགའ་བས། སློབ་མའི་དུས་ནས་བཟུང་མིག་དམར་ཨ་ཕ་དང་མཉམ་དུ་བོད་ཀྱི་ས་ཆ་མང་པོར་བསྐྱོད་མྱོང་བ་དང་། ས་ཆ་རེར་སླེབས་ཚེ་ཨ་ཕས་ས་ཆ་དེའི་ལོ་རྒྱུས་ཤོད་ཀྱི་ཡོད་པས་མིག་དམར་ཆུང་དུས་ནས་སྲོལ་རྒྱུན་རིག་གནས་ལ་སྤྲོ་བ་འཕེལ། 2017ལོ་ནས་མིག་དམར་གྱིས་ལས་གཏོད་བྱེད་འགོ་ཚུགས། དང་ཐོག་སྲོལ་རྒྱུན་རི་མོར་དང་དེང་རབས་མཛེས་བཟོ་ཟུང་དུ་འབྲེལ་བའི་ཨར་ཁང་ཞིག་ནས་ཕྱིས་སུ་འགྲེམས་སྟོན་དང་བཟའ་བཏུང་གཞི་གཅིག་ཏུ་འདུས་པའི་མངའ་རིས་རིག་གནས་ཀྱི་གཙོ་དོན་ཟ་ཁང་དང་། དེ་ནས་ད་ཆའི་བོད་ལྗོངས་རྒོད་པོའི་བརྩེ་སེམས་རིག་གནས་འཕེལ་རྒྱས་གསར་སྤེལ་ཚད་ཡོད་ཀུང་སིའི་བར་འཕེལ་རྒྱས་བཏང་སྟེ། མིག་དམར་གྱིས་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་དང་གྱོན་ཆས་སྒྱུ་རྩལ་ལ་གསོན་ཤུགས་གསར་པ་སྣོན་བཞིན་ཡོད།

    སྲོལ་རྒྱུན་གྱི་གྱོན་ཆས་རིག་གནས་རྒྱུན་འཛིན་བྱེད་པ་ནི་དུས་རབས་ཀྱི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། ད་ཆ། བོད་ཆས་ཀྱི་རྣམ་པ་ཡང་རིམ་བཞིན་དེང་རབས་ཀྱི་མིའི་མཛེས་དཔྱོད་དང་མཐུན་ནས། གྱོན་ཆས་དྲས་རྒྱག་དང་ཡང་ན་ཇུས་འགོད་སོགས་གང་ཅིའི་ཐད་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་གི་ཡོད། མངའ་རིས་ཀྱི་གཞོན་ནུ་མིག་དམར་ཀྱི་ཐོག་མའི་བསམ་འདུན་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྙིང་སྟོབས་ནི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རླབས་རྒྱུན་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཤིག་རེད།

    འདི་ནི་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་གྱོན་ཆས་གྱོན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།