སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས། བོད་ཀྱི་རྒྱན་གོས་དར་སོ་ཆེ།
འདི་ནི་བོད་ཆས་ཚོང་ཁང་ཞིག་ཏུ་ཚོང་པས་བྱིས་པའི་ཕྱུ་པ་གྱོན་སྟངས་སློབ་བཞིན་པ།
འདི་ནི་བོད་ཆས་ཚོང་ཁང་ཞིག་ཏུ་སྐུ་མགྲོན་གྱིས་ཕྱུ་པ་འདེམས་བཞིན་པ།
འདི་ནི་བོད་ཆས་ཚོང་ཁང་ནང་གི་རས་ཆ་དང་ཕྱུ་པ་ཡིན་པ།
བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ལ་བཟོ་ལྟ་མང་བ་དང་། ཚོས་གཞི་མི་འདྲ་བ། རྒྱུ་སྤུས་དག་པ། གྱོན་སྟངས་གྱོན་ལུགས་ལ་དང་དོད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ནི་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་མཛེས་དཔྱོད་བསམ་འདུན་གྱི་མཚོན་ཚུལ་ཞིག་རེད་ལ། བོད་མི་དམངས་ཀྱི་བློ་གྲོས་ཀྱང་འདུས་ཡོད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་དར་སྲོལ་ཕན་ཚུན་མཉམ་འདྲེས་ཀྱི་ནུས་པ་ཐོན་དང་ཐོན་པའི་སྐབས་སུ། བོད་ཀྱི་སྲོལ་རྒྱུན་གྱོན་ཆས་ལས་སྔ་ཕྱི་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་བཞིན་མཆིས།
རང་བྱུང་གི་ཆ་རྐྱེན་དང་། ས་ཁམས་ཁོར་ཡུག ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་བོད་ཀྱི་ས་ཁུལ་ཁག་དང་ཐ་ན་རྫོང་དང་རྫོང་དབར་གྱི་རྒྱན་གོས་ལའང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དེས། སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རྒྱན་གོས་རིག་གནས་གྲུབ་ཡོད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་བསམ་གྲུབ་ལྷ་མོས་འགྲེལ་བཤད་བརྒྱབ་པ་བརྒྱུད། ལྷ་སའི་བུད་མེད་ཀྱི་རྒྱན་གོས་མང་ཆེ་བར་ཉམས་དོད་པའི་ཚོན་མདངས་དང་སྟབས་བདེ་བའི་རྒྱན་ཆ་སྤྱོད་པ་དང་། ནག་ཆུའི་སྐྱེས་པ་དང་བུད་མེད་ཀྱི་རྒྱན་གོས་ལ་གཙོ་བོ་པགས་ཚགས་སྤྱད་ཡོད་པས་རླུང་བུ་དང་ཆར་ཆུ་འགོག་ཐུབ་ལ། ཧ་ཅང་དྲོད་པོ་ཡོད་པས་ས་བབ་མཐོ་ཁུལ་གྱི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ། མངའ་རིས་ཀྱི་རྒྱན་གོས་ཁྲོད་སྤུ་ཧྲེང་བུད་མེད་ཚོའི“ཤོན་ཆས”ལ་ཁྱད་ཆོས་ཤིན་ཏུ་ཟབ་མོ་ལྡན་པ། ཉིང་ཁྲི་ས་ཁུལ་གྱི་ཀོང་པོའི་རྒྱན་གོས་མང་ཆེ་བ་ཕུ་ཐུང་མེད་པ་དང་། སྤྱིར་བཏང་ར་ལྤགས་དང་དོམ་ལྤགས་སམ་ཡང་ན་སྣམ་བུ་ནག་པོས་བཟོས་པ་ཤ་སྟག་ཡིན་པས། ནགས་ཁྲོད་དུ་ཤིང་གཅོད་པ་དང་འབུད་ཤིང་འཐུ་བ་སོགས་ཀྱི་ངལ་རྩོལ་བྱེད་སྐབས་གྱོན་ན་འཚམ་པ་དང་སྟབས་བདེ་ལ་ཁུངས་ཀྱང་མཐུག་པོ་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།
བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ལ་རང་སོ་སོའི་ཁྱད་ཆོས་ལྡན་མོད། འོན་ཀྱང་རྐེད་པ་སྦོམ་པ་དང་། ཕུ་ཐུང་རིང་བ། ཐུ་བ་ཞེང་ཆེ་བ་བཅས་ནི་དཔེ་མཚོན་གྲུབ་ཆའི་ཁྱད་ཆོས་ཡིན་ལ། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད། “བོད་དུ་སྔ་དགོང་གཉིས་ཀྱི་དྲོད་ཚད་ཧེ་བག་ཆེ་བས། ཁ་ཞེང་ཆེ་བའི་ལྭ་བའི་ཕུ་ཐུང་ཕུད་ནས་སྡོད་ཆོག་ལ་ངལ་རྩོལ་སྐབས་ཕུ་ཐུང་རིང་པོ་སྐེད་པར་དཀྲི་ཆོག མཚན་མོ་དྲོད་ཚད་དམའ་རུ་འགྲོ་སྐབས་ཁ་ཞེང་ཆེ་བའི་ལྭ་བ་གདན་དུ་བཏིང་ནས་ཉལ་ཡང་ཆོག་གི་ཡོད”ཅེས་བསམ་གྲུབ་ལྷ་མོས་གསར་འགོད་པར་བཤད་བྱུང་།
“སྲོལ་རྒྱུན་གྱི་བོད་ཆས་དང་བསྡུར་ན། ད་ལྟའི་གཞོན་ནུ་ཚོས་བཟོ་ལྟ་དཔེ་གསར་ཅན་དང་སྟབས་བདེ་བའི་གྱོན་ཆས་གྱོན་རྒྱུར་དགའ་པོ་བྱེད་ཀྱི་ཡོད”ཅེས་ལྷ་སའི་གྲོང་ཁུལ་རྙིང་པའི་བོད་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས། ཉེ་བའི་ལོ་ཤས་རིང་། མི་རྣམས་ཀྱིས་གྱོན་ཆས་ལ་དེ་བས་དོ་སྣང་བྱས་ནས་གྱོན་ཆས་ཀྱི་སྤུས་ཚད་ལ་དང་དོད་ཆེ་རུ་ཕྱིན་ཡོད། དུས་རབས་ཀྱི་དར་སྲོལ་དང་བསྟུན་ནས་མི་རྣམས་ཀྱིས་འཚོ་བའི་སྤུས་ཚད་ཀྱི་རེ་བ་སྐོང་ཆེད། ཚོང་པས་རྒྱན་གོས་དྲས་རྒྱག་པ་དང་བཟོ་ལྟའི་ཐད་དེ་བས་ཡང་ལ་བདེ་པོ་ཡོང་བར་དོ་སྣང་ཆེན་པོ་བྱེད་པ་མ་ཟད། བཟོ་ལྟའི་ཐད་དེང་རབས་ཀྱི་མིའི་མཛེས་དཔྱོད་ཀྱི་རེ་བ་དང་དེ་བས་འཚམ་པོ་ཡོང་བའི་ཇུས་འགོད་བྱེད་ཀྱི་ཡོད།
“བཟོ་ལྟ་ཙམ་མ་ཡིན་པར། རྒྱུ་ཆ་དང་ཚོས་གཞི་སྡེབ་རྒྱུ་ལའང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད”ཅེས་བསམ་གྲུབ་ལྷ་མོས་བཤད། ཁོང་གིས་སྲོལ་རྒྱུན་རྒྱན་གོས་ཀྱི་རྒྱུ་ཆ་མང་ཆེ་བ་སྣམ་བུ་ཡིན་པས། རས་ཆ་མཐུག་པོ་དང་དྲོ་པོ་ཡོད་ཀྱང་ཤ་ལ་འཇམ་པོ་དེ་ཙམ་མེད། ད་ཆ་དར་གོས་དང་སྲིང་བལ་སོགས་ཀྱི་རྒྱུ་ཆ་མང་པོ་སྤྱོད་ཀྱི་ཡོད་པས། ཁྲོམ་རར་འཚོང་བའི་བོད་ཆས་དེ་བས་མཛེས་ཤིང་རྣམ་པར་བཀྲ་བ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
སྔར་ནས་བཟུང་། རང་ལྗོངས་ཀྱིས་སྲོལ་རྒྱུན་གྱི་རྒྱན་གོས་སྲུང་སྐྱོབ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་སྲུང་སྐྱོབ་ཀྱི་བྱ་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རྒྱུན་འཛིན་པ་གསོ་སྐྱོང་གི་ལས་དོན་ལ་མཐོང་ཆེན་པོ་དང་རྒྱུན་འཛིན་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་སྤྱང་གྲུང་དང་བློ་གྲོས་འདོན་རྒྱུར་ལྕག་སྐུལ་བྱས་ཏེ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་བཟོ་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད་པས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མངོན་པ་མ་ཟད། དེང་རབས་མིའི་མཛེས་དཔྱོད་དང་ཁྲོམ་རའི་དགོས་མཁོ་དང་ཡང་འཚམ་པའི་མི་རིགས་ཀྱི་གྱོན་ཆས་མང་པོ་ཐོན་ནས་བོད་ཀྱི་རྒྱན་གོས་རིག་གནས་མི་ཉམས་གོང་འཕེལ་བྱུང་དང་འབྱུང་བཞིན་ཡོད།