དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྷ་ལྡན་གྲོང་དུ་ཞོ་ཡི་སྟོན་ཆེན་ཚུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྣང་གསལ།   |     སྤེལ་དུས།  2023-08-20

    འཛམ་གླིང་དབུ་རྩེའི་གནས་མཆོག་ལྷ་ལྡན་དུ། །

    ཞོ་ཡི་སྟོན་ཆེན་ཚུགས་པའི་གཏམ་བཟང་དེ། །

    ལྷོ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་དང་ལྷན། །

    ཡུལ་སྐོར་སྐྱེ་བོའི་བློ་ཁ་ས་མཐོར་ཕྱོགས། །


    དུས་ཀྱི་རབ་ལོ་བཅུ་གཅིག་སོ་མཚམས་སུ། །

    དབུ་བརྙེས་དམངས་སྲོལ་དུས་སྟོན་རྒྱལ་པོ་དེ། །

    ནུབ་ཕྱོགས་རྒྱ་གར་ཡུལ་དུ་མིང་ཙམ་གྲགས། །

    ས་བླའི་སྨན་ལྗོངས་འདི་རུ་དར་ཞིང་རྒྱས། །


    དུས་ཀྱི་འཁོར་མཚམས་འཇམ་དབྱངས་ཆོས་རྗེའི་དུས། །

    སྣེའུ་དཔོན་ནམ་མཁའ་བཟང་པོས་འབྲས་དགེ་ཚོར། །

    དབྱར་གནས་གྲོལ་ཉིན་ཞོ་ཡི་བསྙེན་བཀུར་ཞུས། །

    དཔོན་རྒྱུད་རྣམས་ཀྱིས་རྒྱུན་མཐུད་མིང་དོན་བསྐྱངས། །


    འབྲས་སྤུངས་ཞོ་སྟོན་ཐོགས་པའི་དོན་སྤྱི་ནི། །

    ལོ་རེའི་དབྱར་ཟླ་ཐ་ཆུང་གནམ་གང་ཉིན། །

    འབྲས་དཀར་སྤུངས་པའི་ནུབ་ཕྱོགས་ས་འཛིན་ནི། །

    གླང་ཆེན་སྣ་ཞགས་བསྐྱངས་འདྲར་གོས་སྐུ་འགྲེམས། །


    སྣེའུ་དཔོན་ངག་དབང་མིང་ཅན་གཅེན་གཅུང་གིས། །

    སྦྱིན་བདག་ཞུས་པའི་དྲས་གྲུབ་གོས་ཐང་དེ། །

    མཆོད་སྤྲིན་དང་བཅས་བརྒྱ་སྐོར་མི་ཡིས་འདེགས། །

    ཆིག་བཞི་གོ་གསུམ་ལོ་ནས་བཤམས་དབུ་བརྙེས། །


    གྲོ་བཞིན་ཟླ་ཡི་ཚེས་འགོ་འཆར་དང་ལྷན། །

    བཅུ་ཕྲག་ལྔ་ཡི་ཉི་ཟླའི་འཆར་ནུབ་རིང་། །

    བར་མེད་ནོར་གླིང་ཀླུ་ཁང་དགའ་ཚལ་དུ། །

    གཞུང་ཆེན་བརྒྱད་ཀྱི་ལྷ་མོའི་སྟོན་ཚོགས་བཤམས། །


    ལྷ་མོའི་ཚོགས་པ་ཆེ་ཁག་བཅུ་གཉིས་ལས། །

    ཐམས་ཅད་ཞུགས་པའི་གོ་སྐབས་རབ་ཏུ་ཕྲ། །

    དེ་ནི་འཁྲབ་རྩལ་ངོམས་ཡུལ་ཉག་ཅིག་བརྟེན། །

    གཞས་ཁྲལ་ཡིན་ཡང་དགའ་ཞིང་སྤྲོ་བས་ཞུགས། །


    བཀྲ་ཤིས་ཞོལ་པ་ཤངས་དང་གཅུང་པ་སོགས། །

    དཀར་སྔོན་འབག་གི་ཚོགས་པ་གྲགས་ཅན་ཐོག །

    ད་དུང་ཤེལ་གྲོང་འབྲོང་རྩེད་ལ་སོགས་པ། །

    སྒྱུ་རྩལ་ཚན་གྲངས་སྐྱེ་རྒུའི་གསོས་སུ་འདྲེན། །


    གཟུགས་གཅིག་རྟགས་བདུན་ཞེས་སུ་གྲགས་པ་ཡི། །

    དྲག་ཤུལ་རྔོན་པའི་ཆ་བྱད་འབག་སྔོན་སོགས། །

    མཚོན་དོན་ཟབ་པའི་འབག་གི་རིག་གནས་ཀྱང་། །

    ལྷ་མོའི་སྒྱུ་རྩལ་ལྷན་དུ་དར་ཞིང་རྒྱས། །


    བགྲང་བྱ་བརྒྱ་ཕྲག་དྲུག་གི་ཡར་སྔོན་དུ། །

    གྲུབ་དབང་ཐང་སྟོང་རྒྱལ་པོས་ཟམ་སྐྲུན་ཆེད། །

    གཏོད་པའི་འཛམ་གླིང་མངོན་མིན་ཤུལ་བཞག་དེ། །

    ཞོ་སྟོན་མཛད་སྒོའི་དཔལ་དུ་གྱུར་དེ་མཚར། །


    གར་གྱི་ཉམས་དགུ་དབྱངས་ཀྱི་ངེས་པ་བདུན། །

    ཡོངས་སུ་ཚང་ཞིང་རྒྱལ་རབས་ཆོས་འབྱུང་གཏམ། །

    ངོ་མཚར་གཏམ་གྱི་བྱུང་རིམ་མ་འཁྲུགས་པ། །

    ཕུལ་བྱུང་དྲང་ལྡོག་མི་སྣའི་རྩལ་ལས་ཐོན། །


    རྟ་རིང་རྟ་འབྲིང་རྟ་ཐུང་ལ་སོགས་པ། །

    གདངས་དབྱངས་མི་གཅིག་རབ་བྱུང་གཅིག་གི་ཚད། །

    རྒྱ་ལུ་རྔོན་པ་རྒན་བྱིས་འཁྲབ་བྱ་རྣམས། །

    བྱིན་འབེབས་དངོས་གཞི་བཀྲ་ཤིས་གཅོད་ལ་དབྱེ། །


    ལྷ་ལྡན་མཐོངས་སུ་སྙན་འཇེབས་རྣམ་ཐར་འགེངས། །

    ཞོ་སྟོན་ཧྲིལ་པོར་ལྷ་མོའི་སྒྱུ་རྩལ་ངོམས། །

    ཚོགས་པ་སོ་སོས་རང་རང་ཁྱད་རྩལ་འདོན། །

    ལྷ་མོའི་དུས་ཆེན་ཟེར་བའང་དོན་གྱིས་ཕྱུག །


    འབྲས་སྤུངས་ཞོ་སྟོན་ཚུགས་ཉིན་སེ་རར་ཡང་། །

    གནས་བཅུའི་གོས་སྐུ་བཤམས་ཤིང་གར་འཆམ་འཁྲབ། །

    ཕྱིས་སུ་བྱམས་མགོན་གཙོ་འཁོར་གོས་སྐུའང་འགྲེམས། །

    མི་ཚོས་དེ་ལ་སེ་ར་ཞོ་སྟོན་འབོད། །


    ནོར་གླིང་ཞོ་སྟོན་གཏོང་སྲོལ་ལོ་རྒྱུས་ནི། །

    རབ་བྱུང་བཅུ་བཞི་ས་བྱ་ལོ་ཡི་ནང་། །

    ཏཱ་ལའི་བླ་མའི་སྐུ་ཡི་ཕྲེང་བ་ནི། །

    བཅུ་གཅིག་མཁས་གྲུབ་རྒྱ་མཚོའི་དུས་སུ་གཏོད། །


    དབུ་གཡབ་གཟིམ་ཆུང་སྐྲུན་ནས་དབྱར་བཞུཌ་གནང་། །

    ཞོ་སྟོན་གཟིགས་ཕུད་འབུལ་བའི་སྲོལ་ཡང་གཏོད། །

    བཅུ་གསུམ་ཆེན་པོས་ཚོགས་པ་ཡོད་དོ་ཅོག །

    འཁྲབ་རྩལ་ངོམས་པའི་གོ་སྐབས་བླ་ལྷག་གནང་། །


    སྤྲིན་འབྱུང་ཟླ་བའི་དུས་སུ་བསིལ་ལྗོངས་འདིར། །

    དཀར་ཆུའི་ལོངས་སྤྱོད་རྒྱས་པའི་ནམ་ཟླར་འབོད། །

    ལྷག་དོན་སྒྱུ་ལུས་གསོ་བའི་ཞོ་ལ་ནི། །

    འཚོ་བཅུད་རྒྱལ་པོ་ཞེས་པའི་མཚན་སྙན་གསོལ། །


    རོང་འབྲོག་དབྱེར་མེད་ཞོ་ཡི་བཅུད་ལ་རོལ། །

    འཕགས་པའི་དགེ་འདུན་ཞོ་ཡིས་ཀུན་ནས་བསྙེན། །

    ཕྱོགས་བཞིའི་མགྲོན་པོར་ཞོ་ཡི་གསོལ་སྟོན་བཤམས། །

    ལ་ལུང་ཀུན་ནས་ཞོ་ཡི་དྲི་ཞིམ་འཐུལ། །


    ཞོ་ཡི་སྟོན་མོ་དུས་ཆེན་མིང་དུ་ཐོགས། །

    བགྲང་བྱ་བརྒྱ་ཕྲག་རྒྱུན་བསྐྱངས་སྣང་ཚུལ་དེར། །

    ནང་སའི་དཔྱད་གཏམ་མཁན་པོ་ཧ་ལས་ནས། །

    དེ་འདྲ་འཛམ་གླིང་ཁྱོན་ལ་མེད་དུ་སྐད། །


    ནམ་མཁའ་གཡའ་དག་ས་གཞིའི་རྡུལ་ཡང་དག །

    རྩི་ཤིང་ལོ་ཏོག་འབྲས་བུའི་ཁུར་གྱིས་ལྕི། །

    རྫོགས་ལྡན་ནམ་ཟླར་ཞོ་སྟོན་རོལ་དང་ལྷན། །

    མི་རྣམས་གླིང་གཏོང་སྤྲོ་སྐྱིད་འདུ་འགོད་འཁྲུགས། །


    སྔོ་ལྗང་སྤང་ལྗོངས་ཡིད་འོང་བཞུགས་གདན་འཇམ། །

    ལྗོན་པའི་བསིལ་གྲིབ་རང་བྱུང་གདུགས་ཀྱིས་མཛེས། །

    སྤུན་ཉེ་འཛོམས་ནས་དགའ་བའི་འཕྲོས་གཏམ་གླེང་། །

    ཞིམ་མངར་བཟའ་བཏུང་མང་པོའི་བཅུད་ལ་རོལ། །


    རང་རང་མོས་པའི་རྩེད་མོའི་རིག་བྱེད་མང་། །

    གཞས་དང་ཞབས་བྲོ་ཁོར་ཡུག་ཀུན་ལ་ཁྱབ། །

    མཆོག་དམན་དབྱེར་མེད་གླིང་གཏོང་རྩེད་དགར་རོལ། །

    དེ་འདྲའི་རྣམ་པ་མི་རིགས་གཞན་ལ་མེད། །


    གཞན་ཡང་རྟ་རྒྱུག་མདའ་འཕེན་རྩལ་རྩེད་རིགས། །

    གནམ་མཚོའི་ཕྱོགས་སུ་རྐང་ཤུགས་འགྲན་པ་དང་། །

    ཚོང་དོན་ངོ་འཕྲད་གྲོས་མོལ་ལ་སོགས་པ། །

    དུས་བསྟུན་ནང་དོན་ཁ་ཤས་འཕར་ནས་ཡོད། །


    བགྲང་བྱ་བརྒྱ་ཕྲག་ལྔ་ཡི་གོང་ནས་དར། །

    ལོ་རྒྱུས་རླབས་རྒྱུན་ཁྲོད་དུ་ཉམ་ང་བྲལ། །

    ཀྲུང་གོའི་དུས་སྟོན་རྩེ་གྲའི་ཆོ་ལོས་བརྒྱན། །

    ལྷ་སའི་ཞོ་སྟོན་སྙན་པ་དགུང་ལ་གྲགས། ། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།