རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་ཚོགས་སྐབས21པ་འཚོགས་པ།
ཟླ་8པའི་ཚེས་14ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་ནི་ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་གིས་གཉེར་འགན་ཁུར་བ་དང་། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ལྗོངས་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས། གསར་འགྱུར་དྲ་ཚུགས་སོགས་སྨྱན་སྦྱོར་ཚན་པ་29ཡི་འཐུས་མི་61ཚོགས་འདུར་ཞུགས་ཡོད་པ་རེད།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ་ཡིས་ཤིས་ཚིག་འབུལ་བཞིན་པ།
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་དང་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་རྣམ་བཤད་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྒྲིག་བཀོད་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་ཚན་པ་ཁག་གིས་ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བརྩིས་ཏེ། སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་བོད་ཡིག་སྨྱན་སྦྱོར་གྱིས་རང་འགུལ་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པའི་འགན་འཁྲི་འཁུར་བའི་ཐོག ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། དུས་རབས་ཀྱི་འཕེལ་རྒྱས་ཟིན་ཐོར་འགོད་པ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་དང་དངོས་སྒྲུབ་སྔོན་བརྩོན། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་པ་བསྟན།
ཀན་ལྷོ་ཁུལ་གྱི་རིམ་ཁག་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་ཚན་པ་ཁག་གི་འགོ་ཁྲིད་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། 2023ལོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བ་དང་། ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚགས་པར་འདོན་སྤེལ་བྱས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་པས་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་འདི་ཉིད་སྔ་རྗེས་སུ་སྐབས་21འཚོགས་ཐུབ་པ་དང་། ཚོགས་འདུའི་ནང་དོན་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་སྤུས་ཀ་ཇེ་ལེགས་སུ་བཏང་ནས་བོད་འབྲེལ་ས་ཁུལ་གྱི་བོད་སྐད་ཡིག་སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱ་གཞག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་འཕྲིན་རྩོམ་དང་། རླུང་འཕྲིན་བརྙན་འཕྲིན་དང་སྨྱན་སྦྱོར་གསར་པའི་བརྩམས་ཆོས། སྒྱུར་རྩོམ། དཔྱད་རྩོམ་སོགས་ཕུལ་བྱུང་བརྩམས་ཆོས་407འབྱོར་ཞིང་། ཚོགས་འདུའི་རིང་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་འགྲན་ཞུགས་བརྩམས་ཆོས་ལ་དཔྱད་འདེམས་དང་།“གསར་གཏོད་རྒྱུན་འཛིན་གྱིས་འབྱུང་འགྱུར་གསལ་བར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་དང་། ཐ་སྙད་གསར་པ་བཀས་བཅད་དང་གཏན་འབེབས་བྱེད་པ། “ཀན་ལྷོར་དམིགས་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལར་བཅར་འདྲི་གཏིང་ཟབ་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
གསར་འགོད་པ། བདེ་སྐྱིད་བུ་ཁྲིད། ཚེ་རིང་ཆོས་སྒྲོན། བསྟན་འཛིན་དབང་མོ། ཉི་མ་ཚེ་རིང་། བློ་བསྟན། ཡེ་ཤེས་རྒྱ་མཚོ།
པར་ལེན་སྒྲིག་བཟོ། ཚེ་རིང་གཡུ་སྒྲོན། དཔལ་མཆོག