དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅།། བཙས་གཞས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-13

    བཙས་མ་རྔ་བའི་སྐབས་ལ། །

    བྱང་གི་འབྲོག་མོ་སྐྱིད་པ། །

    བཙས་མ་བཙས་ཐག་ཆོད་ན། །

    འབྲོག་མོ་སྐྱིད་རྒྱུ་མི་འདུག །


    བཙས་མ་བརྔས་དང་བརྔས་ཆོག །

    རྔ་ཕྱོགས་བདེ་པོ་མི་འདུག །

    རྔ་ཕྱོགས་བདེ་པོ་མེད་ན། །

    རྩེ་མོའི་དབུ་ནས་ཞུས་ཆོག །


    གཡས་པ་གཡས་ནས་ཁྱོག་ཤོག །

    གཡོན་པ་གཡོན་ནས་ཁྱོག་ཤོག །

    གཡས་གཡོན་གཉིས་ནས་བཀྱཌ་ན། །

    ལྕམ་ལས་གདུང་མ་ཡང་བ། །


    བཙས་མ་འདི་ནས་བརྔས་ཏེ། །

    མྱང་སྟོད་གཞུང་ལ་ཕྱིན་ཆོག །

    མྱང་སྟོད་རི་ཞིང་ཆེ་མོའི། །

    བཙས་མ་ལངས་གྲབས་ཡོད་འགྲོ །


    ཆུང་དུས་ལས་ལ་མ་སྦྱངས། །

    མང་པོའི་དཀྱིལ་དུ་སྐྱོ་བྱུང་། །

    ལས་ལ་བྱང་པོ་བྱུང་ན། །

    སྐྱོ་རྒྱུ་རང་ད་མི་འདུག །


    གཡའ་དང་སྤང་གི་མཚམས་ནས། །

    གོང་མོས་སྐྱོ་གླུ་བཏང་བྱུང་། །

    གོང་མོ་ཁྱོད་ཀྱང་བདེན་པ། །

    ང་ཡང་ཨ་མ་དྲན་བྱུང་། །


    ལས་མོ་འདི་ཚོ་དྲག་ག །

    བསམ་བློའི་གཏོང་ཕྱོགས་ཡིན་པ། །

    དེ་ལས་བསམ་ཡས་གཞུང་གི །

    མི་རྟག་འཆི་བ་སྡུག་ག །


    ལུང་པ་ཞེ་སྡང་ཆེ་ལ། །

    ཡབ་ཡུམ་སྐུ་ཚེ་ཐུང་བ། །

    ང་རང་སྤུན་མཆེད་གཉིས་པོ། །

    ལས་ལ་ཧུར་སྐྱེད་སྐྱེད་ཤོག །


    ཡུལ་མཆོག་པད་མ་ཅན་གྱི །

    སྤྱོད་ལེན་ཟླ་བ་བཟང་པོ། །

    ཟླ་བ་བཟང་པོའི་འཁྲུངས་ས། །

    དབྱིངས་ས་ཆོས་ཀྱི་ཕོ་བྲང་། །


    ཕོ་བྲང་དམར་པོའི་གྲིབ་སོ། །

    ལྕང་གསེབ་ཤར་ལ་ཕོག་སོང་། །

    ད་ལོ་ལྕང་གསེབ་ཤར་ལ། །

    ཡར་རྒྱས་ཡོང་བ་ཡོད་དོ། །


    ང་རང་གཅིག་པུ་ཡིན་ན། །

    པད་མ་བཀོད་ལ་ཕྱིན་ཆོག །

    ཡབ་ཡུམ་རྒན་རྒོན་བཞག་ནས། །

    པད་མ་བཀོད་ཀྱིས་གང་ཡོང་། །


    ཡང་ན་གཙང་གི་རི་དེ། །

    མ་མཐོང་ཙམ་ཞིག་དགོས་ཀྱི །

    མཐོང་ནས་ཡབ་ཡུམ་གཉིས་དང་། །

    མཇལ་འཕྲད་ཡོད་པ་དགོས་ཀྱི །


    ཆུ་མོ་ཆུ་རིས་ཤིག་ཤིག །

    རླུང་བུའི་རྒྱག་ཕྱོགས་ཡིན་པ། །

    སེར་བྱ་ཐེ་ཚོམ་མ་སྐྱོན། །

    ཆུ་མོའི་འགྲམ་ལ་ཕེབས་ཤོག །


    ཤིང་དེ་རྒྱ་ལྕང་སྡོང་པོ། །

    སྐད་གྲགས་ཆེ་རང་དྲགས་ནས། །

    ཁུ་བྱུག་རྭ་སྒྲེང་གཞུང་ནས། །

    ཤུག་པ་བཞག་ནས་ཡོང་ཡོད། །


    བཙས་མ་འུར་ཤོག་ལིང་ལིང་། །

    འཇམ་དབྱངས་སྒྲོལ་མའི་བཙས་མ། །

    འཇམ་དབྱངས་ཆོས་ལ་ཐལ་ན། །

    འུར་ཤོག་ང་ལ་ཞོག་རོགས། །


    བཙས་མ་ཨ་ཅེས་བརྔས་པས། །

    གོ་འགོ་མི་ཡིས་ཕྲོགས་སོང་། །

    གོ་འགོ་འཕྲོག་མཁན་མི་ལ། །

    ལས་ཀྱི་ལ་ཡོག་རྒྱོབ་དང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།