དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ནག་པང་འཆར་འགོད་ཀྱི་གལ་ཆེའི་རང་བཞིན་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    དེང་གི་ཆར་སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་དང་ཤེས་རིག་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། སློབ་གསོའི་ལས་རིམ་མང་དག་ཅིག་ཀྱང་དེ་སྔོན་དང་མི་འདྲ་བར་ཆ་འཕྲིན་ལག་རྩལ་གྱི་སྨྱན་ཆས་སོགས་ལ་བརྟེན་ནས་དེང་རབས་སློབ་ཁྲིད་ཀྱི་ཁ་ཕྱོགས་དང་མཐུན་པར་སྤྲོ་སྣང་དང་འཁྲུག་ཆ་དོད་པའི་ངང་སློབ་མར་ཤེས་རིག་བརྒྱུད་སྤྲོད་དང་། ནུས་རྩལ་སྦྱོང་བརྡར། ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་གསོ་སྐྱོང་གནང་དང་གནང་མུས་རེད་། 《 སློབ་གསོ་གླེང་བ》ལས། “སྨྱན་ཆས་ནི་སློབ་ཁྲིད་ཀྱི་ནང་དོན་དང་། དམིགས་ཚད། སློབ་ཚན་གྱི་དཀའ་གནད་དང་གཙོ་གནད་གཞིར་བཟུང་ནས་སྒྲིག་བཟོ་བྱས་ཤིང་སློབ་ཁྲིད་ཀྱི་བརྗོད་བྱ་དམིགས་བསལ་དུ་མཚོན་པའི་གློག་ཀླད་ཀྱི་བྱ་རིམ་ཞིག་ལ་ཟེར”ཞེས་གསུངས་པ་ལྟར། ཚན་རིག་དང་མཐུན་པའི་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་དང་ལེན་བྱེད་དགོས་ཤིང་། དེང་རབས་ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱེད་སྟངས་ལ་རྒྱུས་མངའ་བྱེད་དགོས་ཚུལ་བསྟན་ཡོད།

    བོད་སྐད་ཡིག་གི་སློབ་ཁྲིད་བརྒྱུད་རིམ་ནང་དང་ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དེང་རབས་ཀྱི་སྨྱན་ཆས་རྒྱ་ཁྱབ་ཏུ་བེད་སྤྱོད་པ་དང་ཆབས་ཅིག སྲོལ་རྒྱུན་གྱི“ནག་པང་འཆར་འགོད”ལྟ་བུའི་ལེགས་་ཆར་མཐོང་ཆེན་བྱེད་དགོས་གལ་ཆེ་སྟེ། 《བོད་ཀྱི་སློབ་གསོའི་དྲ་བ》ལས། “ནག་པང་འཆར་འགོད”ནི་སློབ་ཁང་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་། སློབ་ཁང་སློབ་ཁྲིད་སྐབས་ནག་པང་འཆར་འགོད་ཀྱི་ཇུས་གཞི་ཞིབ་ཚགས་ཡིན་མིན་ནི་སློབ་ཁྲིད་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་འཁོད་པ་ལྟར། སྐད་ཡིག་སློབ་ཁྲིད་སྐབས་ནག་པང་སྟེང་ཡི་གེ་འབྲི་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ། དེས་ན། རང་ཉིད་ཀྱིས་ལོ་མང་གི་སྐད་ཡིག་སློབ་ཁྲིད་ཀྱི་མྱོང་བ་དང་། རིམ་པ་འདྲ་མིན་གྱི་སློབ་ཁྲིད་འགྲན་བསྡུར་ལ་ཞུགས་ནས་ཐོབ་པའི་མྱོང་བ་བཅས་དང་ཟུང་འབྲེལ་གྱིས་སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་ཁྲོད“ནག་པང་འཆར་འགོད”ཀྱི་གལ་ཆེའི་དགོས་པ་རགས་ཙམ་གླེང་བར་བྱའོ།

    དང་པོ། ནག་པང་འཆར་འགོད་ལེགས་ན་སློབ་མའི་ཡིག་གཟུགས་ཡར་རྒྱས་འགྲོ་བར་ཕན་པ་ཐོན་ཐུབ།

    སློབ་མའི་ཡིག་གཟུགས་འབྲི་སྦྱོང་བྱ་རྒྱུ་ནི་བོད་སྐད་ཡིག་གི་ཤེས་བྱའི་རྨང་གཞིར་གྲུབ་ཅིང་། ཡིག་གཟུགས་སྦྱོང་བརྡར་བྱ་རྒྱུ་ནི་སློབ་མའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་དགོངས་དོན་ནང་གལ་ཆེའི་གནས་བབ་བཟུང་ཡོད་པ་དང་ནན་ཏན་གྱིས་གསལ་སྟོན་བྱས་ཡོད་པས། ཡིག་གཟུགས་འབྲི་སྦྱོང་ནི་དགེ་རྒན་ཞིག་གི་སློབ་ཁྲིད་བྱ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་སྨོས་མེད་ལགས། བོད་སྐད་ཡིག་བསླབ་ཚན་གྱི་ཚད་གཞི་ལས། སློབ་ཆུང་སློབ་མས་ཀ་ཁ་དང་ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་བཅས་རིམ་པ་བཞིན་འབྲི་སྦྱོང་བྱས་ནས་ཐིག་རྩ་ལྟར་གཟུགས་ཐོན་ལ་བྱང་གོམས་ངེས་ཅན་ཞིག་དགོས་པའི་རེ་བ་གསལ་པོར་བསྟན་ཡོད།

    དེང་གི་ཆར་སློབ་ཆུང་སློབ་མ་འགའ་རེས་བོད་སྐད་ཡིག་གི་ཡིག་གཟུགས་ཡག་པོ་ཞིག་འབྲི་མི་ཐུབ་པའི་སྣང་ཚུལ་ཐོན་དང་ཐོན་མུས་ཡིན་ཞིང་། དེའི་རྒྱུ་མཚན་གཙོ་བོ་ནི་སློབ་ཁྲིད་དངོས་ཀྱི་ལས་རིམ་ཁྲོད་དགེ་རྒན་གྱིས་དེང་རབས་ཆ་འཕྲིན་ལག་རྩལ་གྱི་སྨྱན་ཆས་ཁོ་ནར་བརྟེན་ནས་ནག་པང་འཆར་འགོད་བྱེད་པའི་ལས་རིམ་ལ་འཐུས་ཤོར་བྱུང་བ་དང་འབྲེལ་བ་ངེས་ཅན་ཡོད། དེས་ན། དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་ལམ་ནས་དེང་རབས་ཚན་རྩལ་ཁྲིད་ཆས་དང་ནག་པང་འཆར་འགོད་གཉིས་ཟུང་དུ་སྦྲེལ་ནས་སློབ་ཁྲིད་གནང་ན། ད་གཟོད་སློབ་མའི་ཡིག་གཟུགས་མི་ལེགས་པའི་སྣང་ཚུལ་དེ་རིགས་མི་ཐོན་པར་ཕན་འབྲས་ངེས་ཅན་ཞིག་ཐོན་ངེས། ལྷག་པར་དུ་ལས་དང་པོ་བའི་སློབ་ཆུང་སློབ་རིམ་དམའ་བའི་སློབ་མར་དགེ་རྒན་གྱིས་ཡི་གེའི་ཐིག་རྩ་དང་། སྨྱུག་རིམ་གྱི་མིང་། མཐེབ་གཏོང་ཚུལ་སོགས་ཀྱི་ཞིབ་ཆའི་ལས་རིམ་དག་ནག་པང་འཆར་འགོད་ཀྱི་ལམ་ནས་སློབ་མའི་ཡིག་གཟུགས་ལ་མཛུབ་སྟོན་དང་དཔེ་ཁྲིད་བྱ་ཐུབ་ན། སློབ་མས་ཀྱང་དགེ་རྒན་གྱི་ཡིག་གཟུགས་ལ་དཔེ་བལྟས་ནས་ཡིག་གཟུགས་སྦྱོང་བ་དང་། ཚད་ལྡན་གྱི་ཡིག་གཟུགས་ཤིག་འབྲི་ཐུབ།

    གཉིས་པ། ནག་པང་འཆར་འགོད་ལེགས་ན་སློབ་མས་སློབ་ཚན་གྱི་གཙོ་དོན་ཟིན་བྲིས་འགོད་རྒྱུར་སྟབས་བདེ་བསྐྲུན་ཐུབ།

    དེང་གི་ཆར་དགེ་རྒན་མང་ཆེ་བས་སློབ་ཁང་སློབ་ཁྲིད་ནང་སྨྱན་ཆས་བེད་སྤྱད་ནས་སློབ་ཁྲིད་ཀྱི་བྱ་བ་གཉེར་བཞིན་ཡོད། ཚོགས་ཐུན་གཅིག་གི་ནང་མ་མཐར་ཤོག་ངོས་དྲུག་བདུན་གྱི་ནང་དོན་ཇུས་འགོད་བྱེད་དགོས་པས། རྨང་གཞི་ཅུང་ཞན་པའི་སློབ་མས་སློབ་ཚན་གྱི་ནང་དོན་ཟིན་བྲིས་འགོད་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད།

    དེས་ན། ང་ཚོས་དེང་རབས་ཚན་རྩལ་ཁྲིད་ཐབས་དང་སྲོལ་རྒྱུན་ཁྲིད་ཐབས་ཟུང་འབྲེལ་བྱས་ནས། ནག་པང་འཆར་འགོད་དེ་གོ་རིམ་ལྡན་ལ་མཛེས་མཚར་གྱིས་ཕྱུག་པ། དག་ནོར་མི་ཐོན་པ་ཞིག་འབྲི་ཐུབ་ན། སློབ་མར་ཡིག་གཟུགས་ཡག་པོ་འབྲི་བའི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཐུབ་ལ། སློབ་ཚན་གྱི་ནང་དོན་གཙོ་བོ་དག་ཟིན་བྲིས་འགོད་རྒྱུར་སྟབས་བདེ་སྐྲུན་ཐུབ་ནས། སློབ་ཚན་གྱི་སྙིང་དོན་ཁོང་དུ་ཆུད་རྒྱུར་ཕན་པ་མི་དམན་པ་ཞིག་ཐོན་ཐུབ།

    དེ་བཞིན་ཞིབ་འཇུག་ལས་མངོན་པ་ལྟར་ན། སློབ་མས་སྨྱུ་གུ་བཀོལ་ནས་ཡི་གེ་བྲིས་ཚེ། ཡིད་ལ་འཛིན་པར་ཕན་པ་ཡོད་པ་མ་ཟད། ཀླད་པའི་འཁོར་རྒྱུག་དང་ཤེས་ཚོར་ནུས་པ་སྐྱེན་དུ་འགྲོ་བར་ཕན་པ་ངེས་ཅན་ཐོན་ཐུབ་ཀྱི་ཡོད་པ་རེད།

    གསུམ་པ། ནག་པང་འཆར་འགོད་ལེགས་ན་སློབ་ཁྲིད་ཀྱི་གོ་རིམ་དང་ཤེས་བྱའི་གཙོ་ཕལ་ཁ་གསལ་ལ་ཡི་གེའི་དག་ནོར་ཉུང་དུ་འགྲོ་བར་ཕན།

    སྐད་ཡིག་སློབ་ཁྲིད་ཀྱི་ལས་རིམ་ཁྲོད་ནག་པང་འཆར་འགོད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཏུ་གྱུར་ཡོད་ལ། སློབ་མས་སློབ་ཚན་ཁྱོན་ཡོངས་ཀྱི་གཙོ་གནད་ཤེས་བྱར་དམ་འཛིན་ཐུབ་པའི་ཐབས་ལམ་ཞིག་ཀྱང་ཡིན། གལ་སྲིད་དགེ་རྒན་གྱིས་སྤུས་ཚད་ལེགས་ལ་གོ་རིམ་ལྡན་པའི་ནག་པང་འཆར་འགོད་ཐུབ་ཚེ། སློབ་མས་སློབ་ཚན་ཁྱོན་ཡོངས་ལ་དོ་སྣང་གི་བསམ་པ་ཤུགས་ཆེར་འཕེལ་ཏེ། ཤེས་ཡོན་ཁོང་དུ་ཆུད་ཚད་ཀྱང་ཇེ་མཐོར་འགྲོ་ཐུབ། དེ་བཞིན་དགེ་རྒན་རང་ཉིད་ཀྱི་ངོས་ནས་སློབ་ཚན་གྱི་ནང་དོན་དག་གོ་རིམ་དང་གཙོ་ཕལ་ཁ་གསལ་གོ་བདེ་ཞིག་ཡོང་ཐུབ་ཅིང་། དེས་སློབ་ཁྲིད་ཀྱི་ལས་རིམ་དངོས་ནང་འཆད་པ་པོ་དང་ཉན་པ་པོ་གཉིས་ཀར་སྟབས་བདེ་སྐྲུན་ཐུབ། ལྷག་པར་དུ་སྲོལ་རྒྱུན་གྱི་ནག་པང་འཆར་འགོད་ལེགས་པོ་ཞིག་རྒྱུན་འཁྱོངས་བྱ་མ་ཐུབ་ཚེ་སློབ་མས་བྲིས་པའི་ཡི་གེའི་ཁྲོད་དག་ནོར་དང་ཕྲད་ཀྱི་སྦྱོར་ཚུལ་ནོར་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོང་གི་ཡོད། དཔེར་ན། བཀྲ་ཤིས། ལྟ་བུར་བཀྲ་ཤེས་འབྲི་བ་ལ་སོགས་པའི་དག་སྐྱོན་མི་ཉུང་བ་ཞིག་ཐོན་པ་དང་། དེ་བཞིན་བྱེད་འབྲེལ་སོགས་་ཕྲད་ཀྱི་འཇུག་ཚུལ་ཐད་ལའང་ནོར་འཁྲུལ་མི་ཉུང་བ་ཞིག་ཐོན་བཞིན་ཡོད། དེ་ལྟའི་ནོར་སྐྱོན་ཐད་དགེ་རྒན་ནས་ངག་ཐོག་གི་ནན་བཤད་ཐེངས་མང་བྱས་ཀྱང་དེ་ཙམ་གྱི་ཕན་ནུས་མངོན་གསལ་ཞིག་ཐོན་མི་ཐུབ་ཅིང་། མ་དག་རྒྱུན་འབྱམས་སུ་འགྲོ་བའི་སྣང་ཚུལ་ངན་པ་དེ་རིགས་འགོག་པར་དགེ་རྒན་ནས་ནག་པང་འཆར་འགོད་ལེགས་པོ་ཞིག་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ན་ཕན་པ་མངོན་གསལ་དོད་ལ། སློབ་སྦྱོང་གི་རྨང་གཞི་ཅུང་ཞན་པའི་སློབ་མ་ཚོའི་སྦྱངས་འབྲས་མཐོ་རུ་འདེགས་པར་ཕན་ནུས་ཆེ་བར་བསམ།

    མདོར་ན། དེང་རབས་ཅན་གྱི་སློབ་ཁྲིད་ཐབས་ལམ་སྤྱད་ནས་སློབ་མའི་སློབ་སྦྱོང་གི་མོས་པ་གསོ་བ་དང་སྤྲོ་བ་འཕེལ་ཐུབ་པ། སློབ་མའི་ཕྱོགས་ཡོངས་ཀྱི་ཤེས་བྱ་སྣེ་མང་ཅན་དུ་འགྲོ་རྒྱུར་ཕན་པ་ཆེ་བ་སོགས་ཀྱི་དགེ་མཚན་ཆེ་ལ། དེ་བས་ཁྲིད་ཐབས་སོ་སོའི་ལེགས་ཆ་སྔར་བས་འདོན་སྤེལ་ཐུབ་ཕྱིར་སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་ཀྱི་ཉིང་བཅུད་དང་ལེན་བྱས་ཏེ། བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་ནག་པང་འཆར་འགོད་ཚད་ལྡན་ཞིག་རྒྱུན་འཁྱོངས་ཐུབ་ན། སློབ་མའི་ཡིག་གཟུགས་དང་། སློབ་ཚན་གྱི་ནང་དོན་གོ་བ་ལོན་རྒྱུར་ཕན་པ་ངེས་ཅན་ཐོན་ལ། སློབ་ཚན་ཧྲིལ་པོའི་གོ་རིམ་དང་གཙོ་ཕལ་ཁ་གསལ་བ། སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་ངེས་ཡིན།

    དེར་བརྟེན། སློབ་ཁྲིད་ལས་རིམ་ཁྲོད་སྐད་ཡིག་དགེ་རྒན་རྣམ་པས་དེང་རབས་ཅན་གྱི་ལག་རྩལ་གྱི་ཁྲིད་ཐབས་དང་སྲོལ་རྒྱུན་གྱི་ཁྲིད་ཐབས་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བར་འདོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།