བུ་རྐུན་མ།
གནའ་སྔ་མོ། འབྲོག་སྡེ་ཆུང་ངུ་ཞིག་ཏུ་བུ་རྐུན་མ་ཟེར་བའི་རྐུན་མ་རྫབ་ཆེན་ཞིག་ཡོད་དེ། ཁོ་པ་ཆུང་ངུའི་དུས་ནས་རྐུ་རྒྱག་པར་གོམས་ཤིང་། རྒྱུན་དུ་རྐུ་རྒྱག་རྒྱུར་ཧ་ཅང་མཁས་པ་ཞིག་ཡིན་འདུག ཁོས་རྒྱུན་དུ་ཁྱིམ་མཚེས་ཀྱི་རྒྱུ་ནོར་ཅི་རིགས་རང་ཁྱིམ་དུ་ཁྱེར་ཡོང་བ་དང་། སྐབས་རེ་རྐུན་མ་གཞན་དང་འགྲོགས་ཏེ། ཁྱིམ་མཚེས་ཀྱི་གཡག་སོགས་རྐུ་བར་བྱེད་ཀྱི་ཡོད།
ཉིན་ཞིག བུ་རྐུན་མའི་ཕ་རྒན་གྱི་སེམས་སུ། བུས་མུ་མཐུད་རྐུ་བྱས་ཚེ། གཅིག་ནས་མི་ཚེ་འཕྲོག་བརླག་གཏོང་བ་དང་། གཉིས་ནས་རང་ཁྱིམ་ལ་མཚན་ཤས་ངན་པ་ཞིག་ཡོང་བ་འདུག་སྟེ། ད་ནི་ཁོ་པར་རྗེས་སུ་རྐུ་རྒྱག་གི་ལས་ལ་འཇུག་མི་ཕོད་པའི་ཐབས་ཤིག་མ་བྱས་ན། མཐར་དགྲ་དགའ་གཉེན་སྡུག་གི་གནས་སུ་འགྲོ་བར་འདུག་བསམས་ཏེ། ཕྱི་ཉིན་ཞོགས་པར། ཕ་རྒན་གྱིས་ལུང་པའི་ཕུ་ན་ཡོད་པའི་རང་གི་གཅེན་པོའི་སར་བསྐྱོད་དེ། དོ་དགོང་ངས་བུ་རྐུན་མ་ཁྱོད་ཀྱི་ཁྱིམ་དུ་གསེར་གྱི་སྒྲོན་མེ་རྐུ་བར་གཏོང་གི་ཡིན། ཁྱོད་ཀྱིས་ཁོ་པར་ཕྱིས་འབྱུང་རྐུན་མའི་ལས་ལ་འཇུག་མི་ནུས་པའི་སྣ་སུན་ཞིག་སྤྲོད་རོགས་ཞེས་མངགས་བྱ་ནན་པར་བྱས་ཏེ། ནུབ་མོར་བུ་རྐུན་མ་ཨ་ཁུའི་ཁྱིམ་དུ་རྐུ་རྒྱག་པར་བཏང་། བུ་རྐུན་མས་ཐོ་རེངས་ཙམ་ལ་ཨ་ཁུའི་ཁྱིམ་དུ་བསྐྱོད། ཨ་ཁུ་ནི་གསེར་གྱི་སྒྲོན་མེ་སྔས་སུ་བཅུག་སྟེ། མཚན་གང་གཉིད་ཁབ་རྩེ་ཙམ་ཡང་མེད་པར་བུ་རྐུན་མ་འཐོན་རྒྱུར་བསྒུགས་ནས་བསྡད་པས། ནམ་གསལ་ལ་ཉེ་བའི་མཚམས་སུ། ཨ་ཁུ་གཉིད་དུ་ཡུར། སྐབས་དེར། བུ་རྐུན་མས་གསེར་གྱི་སྒྲོན་མེ་ཁྱེར་ཏེ་རང་ཁྱིམ་དུ་ལོག
ཉིན་གཉིས་པར། ཕ་རྒན་གྱིས་བསྐྱར་དུ་གཅེན་པོའི་སར་བསྐྱོད་དེ། དོ་དགོང་ངས་བུ་རྐུན་མར་ཁྱོད་ཀྱི་གོས་ཐུང་རྐུ་བར་གཏོང་གི་ཡིན། ད་ཐེངས་ཁྱོད་ཀྱིས་ཐར་པར་གཏན་ནས་མ་གཏོང་རོགས་ཞེས་མངགས་བྱ་བྱས་ཏེ། ས་རུབ་པ་དང་བུ་རྐུན་མ་ཨ་ཁུའི་གོས་ཐུང་རྐུ་བར་བཏང་། ཨ་ཁུའི་སེམས་སུ་བུ་རྐུན་མར་རྐུ་རྩལ་ཅི་འདྲའི་ཆེ་ཡང་། གོས་ཐུང་ནི་ངས་གྱོན་ཡོད་པས་རྐུ་མི་ཐུབ་སྙམ་སྟེ་གཉིད་ཁུག་ནས་བསྡད། ནམ་ཕྱེད་ཙམ་ལ་བུ་རྐུན་མས་ཨ་ཁུའི་རུམ་དུ་ཆུ་ཆུ་ཟོམ་གང་བླུགས་པས། ཨ་ཁུའི་གྱོན་གོས་ཡོད་ཚད་རིམ་བཞིན་རློན་པར་གྱུར། ཨ་ཁུ་ཐམ་ཐོམ་ངང་གཉིད་ལས་སད་པ་ན། རང་གི་གྱོན་གོས་རློན་པར་གྱུར་ཡོད་པ་ཚོར་བས། ཅི་དྲན་འདི་དྲན་མེད་པར་གྱོན་གོས་ཚང་མ་ཕུད་དེ་མ་རྒན་གྱི་རུམ་དུ་འཛུལ། སྐབས་དེར། བུ་རྐུན་མས་ཨ་ཁུའི་གོས་ཐུང་ཁྱེར་ཏེ། རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད།
ཕྱི་ཉིན། ཕ་རྒན་སླར་ཡང་གཅེན་པོའི་སར་བསྐྱོད་དེ། དོ་དགོང་ངས་བུ་རྐུན་མར་ཨ་ཁུ་ཁྱེད་རང་རྐུ་བར་གཏོང་གི་ཡིན། ད་ཐེངས་ཁྱོད་ཀྱིས་ཁོའི་སྡུག་ལག་ཡ་གཅིག་ཆོད་ཅིག་ཅེས་ལེགས་པར་མངགས་ཏེ། དེའི་ནུབ་མོར་བུ་རྐུན་མ་ཨ་ཁུ་རྐུ་བར་བཏང་། བུ་རྐུན་མས་ཨ་ཁུའི་ལུག་ཚང་གི་སྒོ་འགྲམ་དུ་ས་དོང་ཆེན་པོ་ཞིག་བྲུས་པ་དང་། དེའི་ནང་དུ་སྒྱེ་མོ་ཞིག་བཅུག་སྟེ་ཁ་ཕྱི་རུ་བཏོན་ནས་བཞག་པ་དང་། བུ་རྐུན་མས་ལུག་ཚང་ནང་དུ་འ་སྒྲ་དང་འུར་སྒྲ་བསྒྲགས་ཏེ། ཨ་ཁུ་འཐོན་རྒྱུར་བསྒུགས་ནས་བསྡད། གང་ཙམ་སོང་རྗེས། ལུག་ཚང་ནང་དུ་འ་སྒྲ་དང་འུར་སྒྲ་སྒྲོག་པ་ཨ་ཁུས་ཐོས་པས། ཨ་ཁུའི་སེམས་སུ་དྲེད་མོང་སླེབས་པ་འདྲ་བསམས་ཏེ། སྟ་རེ་ཞིག་ལག་ཏུ་བཟུང་ནས་ལུག་ཚང་གི་ཕྱོགས་སུ་བརྒྱུགས་པ་ན། ལུག་ཚང་གི་སྒོ་འགྲམ་དུ་སླེབས་སྐབས། ཐམ་ཐོམ་ངང་བུ་རྐུན་མས་བྲུས་པའི་ས་དོང་ནང་ཟགས་པ་དང་། བུ་རྐུན་མས་ལམ་སེང་སྒྱེ་མོའི་ཁ་བཀྱིགས་ཏེ་རང་ཁྱིམ་དུ་ཁྱེར།
དེ་རྗེས། ཕ་རྒན་གྱི་སེམས་སུ། བུ་འདིར་ཆུང་དུས་ནས་སློབ་གསོ་ལེགས་པོ་ཞིག་མ་བྱུང་བས། ད་ནི་རྟ་རྒོད་ཇི་བཞིན་ཁ་ལོ་གཅུས་སུ་མེད་པའི་ཚད་ལ་སླེབས་འདུག གལ་ཏེ་ཁོ་པ་ཕྱི་རུ་བཏང་ན་རང་མེད་མི་མེད་བཟོ་བར་འདུག་སྟེ། དེ་ལས་ཁྱིམ་དུ་ཁྱི་ལྟར་བཏཌ་ནས་བཞག་པ་དགའ་སྙམ་སྟེ། བུ་རྐུན་མའི་མགྲིན་པར་ལྕགས་ཐག་ཅིག་བསྐོན་ནས་སྦྲ་གུར་གྱི་གྲུ་ཟུར་དུ་བཏགས་ནས་བཞག དུས་དེ་ནས་བཟུང་། བུ་རྐུན་མའི་འགྲོ་འདུག་གང་ལ་ཡང་རང་དབང་གཏན་ནས་མེད་ཅིང་། ཚེ་གང་ཁྱི་ལྟར་སྦྲ་གུར་གྱི་གྲུ་ཟུར་དུ་སྡོད་དགོས་བྱུང་ངོ་།།