འབག་དང་སྦག་གི་བྱས་ཉེས་གླེང་བ་ངོ་མཚར་ཚིག་གི་ཟུར་ཟ།
འབག་ནི་ངོ་གདོང་འགེབས་བྱེད་ཀྱི་གདོང་འབག་ལ་བརྗོད་པ་དང་། སྦག་ནི་སྒྲིག་ཤོ་སྟེ་རྩེད་ཆས་ཤིག་གོ ཁོ་གཉིས་ཀྱི་བར་དུ་སྒྲ་འདྲ་བ་ཙམ་ལས་གཞན་གྱི་འབྲེལ་བ་གང་ཡང་མེད། ཡིན་ན་ཡང་། སྒྲ་འདྲ་བའི་ཁོ་གཉིས་དཔུང་པ་མཉམ་གཤིབས་ཀྱིས་བྱ་ངན་ལུང་པ་གང་རྩོམ་པར་བྲེལ་བས། ང་ཚོས་ཁོ་གཉིས་ཀྱི་ངོ་རིས་དམར་རྗེན་དུ་མ་བཏོན་ན། མི་མང་པོ་ཞིག་ཁོ་གཉིས་ཀྱི་གཡོ་འོག་ཏུ་ཚུད་འགྲོ་ཞིང་། འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་མང་པོ་ཞིག་ཉམས་རྒུད་དུ་འགྲོ་ངེས་ལ། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མང་པོ་ཞིག་ཁ་ཐོར་དུ་འགྲོ་ཉེན་ཆེ་བ་དང་། ཡིད་ཆེས་ཆོག་པའི་མི་དང་བློས་འཁེལ་བའི་མི་དང་མིའི་དབར་གྱི་འབྲེལ་ལམ་མང་པོ་ཞིག དོགས་པ་དང་ཐེ་ཚོམ་གྱི་གནས་སུ་ལྷུངས་ཏེ། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ར་ཁོར་ཡུག་ཏུ། མ་རབས་ཐ་ཤལ་གྱི་བཙན་འཛུལ་བྱེད་པར་སྙམ་ནས། ངས་འབག་དང་སྦག་གི་བྱས་ཉེས་གླེང་བ་ཞེས་པའི་རྩོམ་ཡིག་འདི་བྲིས་པའོ།།
ཀ
འབག་དང་སྦག་ནི་རང་རང་སོ་སོ་རེད། རང་རང་སོ་སོ་ཡིན་དུས། འབག་ལ་འབག་གི་ངོ་མཚར་དང་། སྦག་ལ་སྦག་གི་ཡ་མཚན་ཡོད་མོད། ཡང་འབག་དང་སྦག་གཉིས་མཉམ་དུ་འགྲོག་དུས། ཁོ་གཉིས་ནི་ངན་པའི་ངན་རོགས་དང་། སྒྱུ་མའི་འཁྲབ་རོགས། ཁྲམ་པའི་ཁྲམ་རོགས་དང་། རྫུན་མའི་འགེབས་རོགས་མཆོག་ཏུ་གྱུར་པ་གཉིས་སུ་གྲུབ།
འབག་དང་སྦག་གཉིས་འགྲོགས་པ་ནས། མི་བཟང་པོ་ལུག་འདྲ་བ་མང་པོས། སྦག་བརྒྱབ་ནས་འབག་གྱོན་པ་དང་། མི་སྤྱང་པོ་ཁྲ་འདྲ་བ་མང་པོས། འབག་གྱོན་ནས་སྦག་རྒྱག་པར་བྲེལ། དེ་ནས་བཟུང་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་མང་པོ་ཞིག་འཐོར་འགོ་ཚུགས་པ་དང་། དེ་ནས་བཟུང་ལྷད་མེད་པའི་བརྩེ་དུང་མང་པོ་ཞིག་ལ་གས་ཆག་ཤོར་འགོ་ཚུགས།
འབག་དང་སྦག་གཉིས་འགྲོགས་པ་ནས། ཁྱིམ་ཚང་བཟང་པོའི་སྒོ་ལ་ཆག་སྒོ་བྱུང་ཞིང་། སྦག་དང་འབག་གཉིས་འགྲོགས་པ་ནས། བརྩེ་བ་ལྷད་མེད་མང་པོ་རྡོག་རོལ་ཏུ་སོང་། སྦག་བརྒྱབ་ནས་དངུལ་ཤོར་བས། འབག་གྱོན་ནས་རྫུན་གཏམ་བཤད། འབག་གྱོན་ནས་རྫུན་གཏམ་བཤད་པས། སྦག་རྒྱག་པའི་གོ་སྐབས་ངང་གིས་འབྱུང་།
འབག་དང་སྦག་གཉིས་འགྲོགས་པ་ནས། སྦག་པའི་་མ་རབས་ཀྱི་ཧམ་ཤེད་རྒྱས་འགོ་ཚུགས་ལ། འབག་གྱོན་རྗེས་གཏམ་སྤྱོད་ཡོད་ཚད་རྫུན་མར་གོམས། འབག་དང་སྦག་གཉིས་འགྲོགས་པ་ནས། གོང་རིམ་གྱི་ལས་འགན་ཐེད་དུ་བོར་དགོས་ཐུག་ལ། ལས་རོགས་ཀྱི་འགན་སེམས་གཡང་དུ་སྐྱུར་དགོས་བྱུང་། དེ་བས་རང་གཞན་ཚང་མའི་འདུན་པ་ཡོད་ཚད་རླུང་ལ་སྐུར་དགོས་བྱུང་། སྦག་རྒྱག་པར་བྲེལ་བས་ངོ་གདོང་འབག་གིས་བཀབ། འབག་གྱོན་པས་སྦག་གི་བསྟན་པ་དར། སྦག་བརྒྱབ་ནས་དངུལ་ལོར་ཚང་མ་རྫོགས་དུས། འབག་གྱོན་ནས་རྫུན་གཏམ་སྒྲིག་དགོས་བྱུང་། དེ་ནས་བཟུང་གོང་ཕ་མའི་རེ་བ་དང་། བར་བཟའ་མིའི་ཡིད་ཆེས། འོག་བུ་ཕྲུག་གི་རེ་འདོད་ཡོད་ཚད་རླུང་དང་ཆུ་དང་མེ་ལ་བསྐྱུར་སོང་།
ཁ
འབག་གྱོན་ནས་སྦག་རྒྱག་རྒྱུར་གོམས་རྗེས། འབག་གྱོན་པས་ངོ་ཚའི་སྐྱི་ལྤགས་རང་བཞིན་དུ་རལ། སྦག་བརྒྱབ་པས་བཟང་པོའི་སྤྱོད་ཚུལ་རང་བཞིན་དུ་ཡལ། དེ་ནས་བཟུང་གོང་ཕ་མའི་བཀའ་ལ་བརྩི་འཇོག་མེད། བར་བཟའ་མིའི་གཏམ་ལ་ཆ་འཇོག་མེད། འོག་ཕྲུ་གུའི་སྐར་ཆར་སྣང་བ་མེད།
འབག་གྱོན་ནས་སྦག་རྒྱག་རྒྱུར་གོམས་རྗེས། བུ་ཕྲུག་ལ་རྐང་ཤུབས་ཉོ་མི་ནུས་པའི་ཕ་རྒན་དེ། སྦག་ལྕོག་གྲུ་བཞིའི་སྟེང་དུ། དངུལ་ལོར་བརྒྱ་ཆག་ཤོར་ཡང་བློ་འགྱོད་མེད་ཅིང་། བརྒྱ་ལོར་ལ་རིན་ཐང་མེད། སྦག་རོགས་ཚོ་གཅིག་ལས་གཅིག་གཏོང་ཕོད་ཆེ་ཞིང་། གཅིག་ལས་གཅིག་ལ་རྒྱ་ཟབ།
འབག་གྱོན་ནས་སྦག་རྒྱག་རྒྱུར་གོམས་རྗེས། རྒྱུ་འབྲས་ཀྱི་རྩིས་ཁྲ་རང་བཞིན་དུ་འཁྲུགས་ལ། དཔྱོད་ཤེས་ཀྱི་བློ་མིག་རང་བཞིན་དུ་བསྒྲིབས། འབག་གྱོན་ནས་སྦག་རྒྱག་པར་གོམས་རྗེས། བློ་གཏད་སྦག་རོགས་ལ་བཅོལ། མགོ་བསྐོར་ནང་མི་ཚོར་བཏང་། ནང་མིས་བསགས་བསགས་གྲུང་གྲུང་བྱས་པ་དག ཕངས་སེམས་སྤུ་ཙམ་མེད་པར་སྦག་ཁང་ལ་བསྐྱལ། སྦག་བརྒྱབ་ནས་ཁྱིམ་བཟའ་མི་སྡུག་ལ་སྦྱར་བ་ཤེས་མོད། འབག་གྱོན་ནས་ཇི་མི་སྙམ་པར་ཡོད་ཚད་སྣང་བ་སྣང་སང་མེད།
ག
སྦག་བརྒྱབ་ནས་འབག་གྱོན་རྒྱུར་གོམས་རྗེས། འབག་གྱོན་ནས་དྲང་པོའི་གཞུང་ཤིང་གས་ནས་ཧྲུག་ཆག་ལ་བཏང་། སྦག་བརྒྱབ་ནས་རྫུན་གཏམ་གྱི་ཕུང་པོ་ཇེ་མཐོ་ནས་ཇེ་མཐོར་བརྩིགས། ནང་མི་ཡི་ཡིད་ཆེས་ཤོར། གཡོ་གཏམ་གྱི་རྐྱལ་པ་ཁུར་བས། ཉེ་མི་ཚོ་བློ་མ་བདེ། ཁྲམ་རོགས་ཀྱི་ཡིད་ཆེས་ཐོབ།
སྦག་བརྒྱབ་ནས་འབག་གྱོན་རྒྱུར་གོམས་རྗེས། ལོག་ཡོང་གི་ཡོད་ཅེས་བཅུ་གྲངས་བཤད་ན་ཡང་། ནང་གི་ཐེམ་པ་འཛུལ་དུས་ཞོགས་པ་རེད། ཕ་མ་རྒན་འཁོགས་ཀྱི་སེམས་ཁྲལ་སྣང་མེད་བཏང་། བཟའ་མི་བུ་ཕྲུག་གི་མིག་ཆུ་རྡོག་པས་བརྫིས། རྔུལ་ཆུས་བསགས་པའི་དངུལ་ཕྱི་ལ་སྐྱེལ་མཁན་དེ་སྦག་པ་འབག་ཅན་ཚོ་རེད་ལ། ཁྱིམ་བཟའ་མིར་སྡུག་རླུང་སྟོན་མཁན་དེ་ཡང་སྦག་པ་འབག་ཅན་ཚོ་རེད།
སྦག་བརྒྱབ་ནས་འབག་གྱོན་རྒྱུར་གོམས་རྗེས། ཁྱིམ་བཟའ་ཟླར་རྫོགས་རྒྱུ་མེད་པའི་ནང་ལས་ཀྱི་བརྔན་པ་བསྩལ། འཕྲོད་ཐབས་མེད་པའི་སྐྱེད་ལྕིའི་བུ་ལོན་བཟོས། ནང་མིའི་ཤ་ཚའི་ཁ་ཏ་བསླབ་བྱ་རྣ་རྒྱབ་ཀྱི་རླུང་བུར་བསྐུར་ལ། ཕྱི་མིའི་འུད་ཤོབ་དང་འུར་གཏམ་ལ་ངོ་བསྟོད་ཀྱི་མཐེ་བོང་བསྒྲེངས།
ང
འབག་གྱོན་ཏེ་སྦག་བརྒྱབ་པ་ནས་བཟུང་། སྦག་རྒྱག་དུས་བློ་ཁོག་རི་ལས་ཆེ། སྤོབས་པ་དགུང་ལས་མཐོ། འབག་གྱོན་དུས་ཧམ་ཤེད་མེ་ལས་ཚ། གཤིས་ཀ་ར་ལས་གྱོང་། དངུལ་བུན་གྱི་འདམ་ལ་དིམ་ཡང་། སྦག་རྩེད་ལ་འཚམས་འཇོག་བྲལ། ཉིན་ལྟར་ཕྱི་ལ་འཁྱམས་ཀྱང་ནང་མི་ལ་ཧམ་ཤེད་བྱེད།
འབག་གྱོན་ཏེ་སྦག་བརྒྱབ་པ་ནས་བཟུང་། གནས་ལུགས་དང་རྒྱུ་མཚན་ཡོད་ཚད་ལ་རྡོག་པས་བརྫིས།
འབག་གྱོན་ཏེ་སྦག་བརྒྱབ་པ་ནས་བཟུང་། ངོ་ཚའི་བཤམས་བུ་རྐང་མགོར་བུད། ཞེ་དང་ཁྲེལ་ལ་རྒྱབ་གཏོད་བྱས། སུ་ཐུག་གྲོགས་སུ་བཀུག གར་སླེབས་གནས་ཚང་བྱས། ཆེན་པོ་ལ་སྤྲེལ་ལད་འཁྲབ། ཆུང་ས་ལ་སྣང་ཆུང་བྱས། གཤིས་རྒྱུད་བཟང་པོའི་སྒལ་ཚིགས་གུག གོམས་གཤིས་བཟང་པོའི་དྲོད་ཟུངས་ཤོར།
འབག་གྱོན་ཏེ་སྦག་བརྒྱབ་པ་ནས་བཟུང་། མ་རབས་ཀྱི་སྤྱོད་ཚུལ་ཐམས་ཅད་རྒྱན་དུ་བརླམས། ཡ་རབས་ཀྱི་སྤྱོད་བཟང་ཐམས་ཅད་དོང་དུ་བསྐྱུར། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལ་ལོག་འཇལ་བྱས། མཐུན་དགོས་པ་ཐམས་ཅད་མི་མཐུན་པར་གྱུར་ཅིང་། འཛོམ་དགོས་པ་ཐམས་ཅད་རེ་རེ་བཞིན་གྱེས་ཏེ། རང་དང་འདྲ་བའི་སྦག་རོགས་དང་འཁྱམ་རོགས་ཁྱུ་གཅིག་མཉམ་དུ་འགྲོགས།
ཅ
སྦག་བརྒྱབ་པས་འཚོ་བའི་བདེན་པ་ཤོར། འབག་གྱོན་ནས་རྐུན་མའི་རྗེས་སུ་འབྲངས། བུ་ལོན་གྱི་རྒྱ་མཚོར་དིམ་པས། འུ་ཐུག་ནས་ལྷ་ཆེན་གྱི་གཟུངས་བཞུཌ་བརྐུས། ཐབས་ཟད་ནས་གྲོགས་བཟང་གི་སྦ་ཁུག་བརྐུས། ད་ནི་བཟའ་ཚང་གི་བརྩེ་སེམས་འཇའ་ལྟར་ཡལ་ལ། བུ་ཕྲུག་གི་བློ་ཁ་རྦད་དེ་ལོག ཉེ་འབྲེལ་གྱི་ཡིད་ཆེས་རྨང་ནས་ཤོར།
སྦག་གིས་རྔམ་མཐུག་པའི་འབག་ཅིག་རིན་གྱིས་ཉོས་ཤིང་། འབག་གིས་སྦག་གི་ཉེས་པ་མཐའ་གཅིག་ཏུ་སྦས། སྦག་རེ་རེ་བརྒྱབ་རྗེས་འབག་རེ་རེ་གྱོན་དགོས་ཤིང་། འབག་རེ་རེ་གྱོན་རྗེས་རྫུན་རེ་རེ་སྒྲིག་དགོས། རྫུན་རེ་རེ་སྒྲིག་ནས་ཁུངས་རེ་རེ་བསྐྱལ་རྗེས། རྫུན་གཏམ་བརྗོད་པའི་ཁ་རྩལ་ལ་བྱང་། སྦག་རྒྱག་པའི་བློ་སྤོབས་ངང་གིས་རྒྱས།
ཆ
ཨ་ཙི་ཨ་ཙི། གཅེས་པར་འོས་པའི་ཀླད་མེད་ཀྱི་བུ་སྡུག་ཚོ། ཡང་ན་སྦག་གི་ལག་པ་གཅོད། ཡང་ན་འབག་གི་ཕྱི་ལྤགས་བཤུས། དེ་མིན་ན་ཁྱིམ་ལ་ལོག་མ་ཡོང་། གོང་ཕ་མ་རླུང་གི་སྐྱེལ་རོགས་རེད། བར་བཟའ་མི་ཁོང་ཁྲོས་ཤི་རོགས་རེད། འོག་བུ་ཕྲུག་མིག་ཆུས་བརྒྱལ་རོགས་རེད།
ཨ་ཙི་ཨ་ཙི། གཅེས་པར་འོས་པའི་བསམ་མེད་ཀྱི་བུ་སྡུག་ཚོ། ཡང་ན་སྦག་གི་རྐང་པ་བཅོག ཡང་ན་འབག་གི་གདོང་པ་བཤུས། དེ་མིན་ན་ཁྱིམ་དུ་ལོག་མ་ཡོང་། གོང་ཕ་མའི་ཚེ་མཇུག་སྡུག་བསྔལ་རེད། བར་བཟའ་མིའི་མི་ཚེ་སྟོང་ཟད་རེད། འོག་བུ་ཕྲུག་གི་མ་འོངས་མུན་ནག་རེད།
ནག་ཉེས་ནི་གདོང་འབག་མཐུག་ལ། བྱས་ཉེས་ནི་ངོ་ཚ་བོར་བས། འདི་ལྟར་ཐེར་འདོན་དམར་འདོན་མ་བྱས་ན་ངན་སྤྱོད་ཅམས་ཅད་ཀྱི་འབུར་སྟངས་འདི་ལྟར་ལགས་པས། རྗེས་མ་མུ་མཐུད་སྦག་པ་འབག་ཅན་མི་ཉུང་བ་ཞིག་ཐོན་ངེས་ལགས།
སྦག་བཅད་ནས་འབག་ལ་གྱེས་ཕྱག་ཞུས། འབག་ཕུད་ནས་སྦག་ལ་རྒྱབ་གཏོད་བྱོས། སྦག་བཞག་ནས་རང་འཁྲིའི་ལས་ལ་འབད་དང་། འབག་དབྱུགས་ནས་རང་ཞལ་རྗེན་པར་སྟོན་དང་། དེ་ནི་ཕ་མའི་རེ་བ་རེད། དེ་ནི་བཟའ་མིའི་འདུན་པ་རེད། དེ་ནི་བུ་ཕྲུག་གི་བསོད་ནམས་རེད། དེ་ནི་མི་རིགས་ཀྱི་རེ་བ་རེད། མེས་རྒྱལ་གྱི་མ་འོངས་རེད། དེ་ལྟར་རེད་དམ་ཀློག་པ་པོ་ལགས།