དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐུང་ངུ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-30

    རྒྱལ་སྲས་དང་སྤྲང་པོ།

    གནའ་སྔ་མོ་ཡུལ་ཞིག་ལ་རྒྱལ་པོ་ཞིག་ཡོད་ཅིང་། ཉིན་ཞིག་རྒྱལ་པོ་དེའི་རྒྱལ་སྲས་ཕོ་བྲང་གི་ཕྱིར་སོང་བར་ཁྲོམ་གཞུང་དུ་སྤྲང་པོ་ཞིག་དང་ཕྲད། རྒྱལ་སྲས་ཀྱིས་སྤྲང་པོ་དེའི་སྐྱེ་འབྲས་རང་དང་ཧ་ཅང་འདྲ་པོ་ཡོད་པ་མཐོང་སྟེ་ཐེ་ཚོམ་དང་བཅས། ཁྱོད་ཀྱི་ཨ་མ་དེ་སྔ་ཕོ་བྲང་དུ་གཡོག་མོ་བྱེད་མྱོང་ཡོད་དམ་ཞེས་དྲིས་པར། སྤྲང་པོས་ཁོང་ཁྲོ་དང་བཅས། ངའི་ཨ་མ་གཡོག་མོ་བྱེད་མྱོང་མེད། ཡིན་ནའང་ངའི་ཨ་ཕ་དེ་སྔ་ཕོ་བྲང་དུ་གད་པ་བྱེད་མྱོང་ཡོད་ཅེས་སྨྲས་སོ།།

    ཤ་ཁྱི་དང་རི་བོང་།

    ཤ་ཁྱིས་རི་བོང་རྗེས་འདེད་ཡུན་རིང་བཏང་ཡང་རི་བོང་གི་རྗེས་མ་ཟིན་པས། ཁོས་རི་བོང་ལ། ནམ་རྒྱུན་ཁྱོད་རང་ང་ལས་མགྱོགས་པ་མེད་ཀྱང་། དེ་རིང་མགྱོགས་པོ་འདི་འདྲ་ག་རེ་རེད་ཅེས་དྲིས་པ་ན། རི་བོང་གིས། ཁྱོད་རང་གི་ངོས་ནས་བཤད་ན། ང་ནི་ཁྱོད་ཀྱི་ལྟོ་དུས་གཅིག་ཡིན་ནའང་། ངའི་ངོས་ནས་བཤད་ན། འདི་ནི་ངའི་སྲོག་གཅིག་རེད་དཱ་ཞེས་ལན་བཏབ་བོ།།

    ང་ལ་དགོས་པ་འབྲུ་ཡིན།

    སྔར་གྲོང་ཚོ་ཞིག་ཡོད་པ་དེར་ཁྱིམ་མཚེས་གཉིས་ཡོད། ཉིན་ཞིག་ཁྱིམ་མཚེས་ཀ་པའི་ཨ་ཕས་བྲེལ་འཚུབ་ངང་ཁྱིམ་མཚེས་ཁ་པའི་ནང་དུ་སོང་སྟེ། ཝ་ཡེ། བ་མོ་ཞིག་གིས་ཁྱོད་ཚོའི་ཞིང་གི་ལྗང་པ་ཟ་བཞིན་འདུག་ཅེས་བཤད་པ་ན། ཁྱིམ་མཚེས་ཁ་པའི་ཨ་ཕས་འབོལ་གདན་ནས་ལངས་ཏེ་རང་གི་སྨ་རར་བྱིལ་བྱིལ་བྱེད་བཞིན་དུ། ཁྱོད་རང་བྲེལ་བ་དེ་འདྲ་མ་གནང་དང་། བ་མོས་ལྗང་པ་བཟས་པར་སྐྱོན་ཅི་ཡོད། ང་ལ་དགོས་པ་ནི་འབྲུ་ཡིན་པ་ལས་ལྗང་པ་མིན་ཞེས་སྨྲས་སོ།། (ཨོ་རྒྱན་རྡོ་རྗེས་བསྡུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།