དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • བཀྲ་ཤིས་དོན་གྲུབ།

    དཀར་དཀར་ཤོག་བུའི་ཐང་ལ་ཡིག་ནག་ཕབ། བགྲང་བྱ་བཅུ་ཕྲག་ཡིག་མཁན་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-29

    བཀྲ་ཤིས་དོན་གྲུབ་དང་དགེ་ཕྲུག་བློ་བཟང་གིས་ཤོག་བུ་སྔོན་པོར་བོད་ཡིག་གི་ཚད་ལྡན་ཡིག་ཆ་འདྲ་བཤུ་གནང་བཞིན་པ།

    བཀྲ་ཤིས་དོན་གྲུབ་ཀྱིས་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་ལ་ཕུལ་བའི་སྙེ་བྲིས་ཡིག་གཟུགས་བརྩམས་ཆོས་སྟོན་བཞིན་པ།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་ཆགས་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་མི་ཆོས་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་དང་གནའ་ཉམས་ཀྱིས་ཕྱུག་ཅིང་། དེ་ནི་བོད་ཡིག་གསར་གཏོད་གནང་མཁན་དང་སྤོས་ཀྱི་རིག་གནས་གསར་གཏོད་གནང་མཁན་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པས། བོད་ཡིག་སྲོལ་གཏོད་པའི་འཁྲུངས་ཡུལ་དང་སྤོས་ཀྱི་རིག་གནས་ཀྱི་འབྱུང་གནས་ཞེས་སུ་གྲགས་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ལག་ཤེས་པའི་འབྱུང་གནས་ཀྱང་རེད། 1975ལོར་བཀྲ་ཤིས་དོན་གྲུབ་སྙེ་མོ་རྫོང་ཕུ་གསུམ་ཤང་ཆུ་ཤུར་གྲོང་ཚོའི་ཞིང་ཁྱིམ་ཞིག་ཏུ་འཁྲུངས། དགུང་ལོ་7ནས་ས་གནས་དེ་གའི་སློབ་ཆུང་དུ་བོད་ཡིག་སྦྱངས། སྤོ་བོ་དབུ་ཆེན་སྐལ་བཟང་ནོར་རྒྱལ་ནི་ཕོ་བྲང་པོ་ཏ་ལའི་པར་ཁང་གི་པར་ཤིང་རྐོ་མཁན་རེད། བགྲེས་སོང་གི་འདུན་པ་ཆེ་ཤོས་ནི་སྙེ་བྲིས་ཡིག་གཟུགས་བཀྲ་ཤིས་དོན་གྲུབ་ལ་སློབ་པ་འདི་རེད། སྐལ་བཟང་ནོར་རྒྱལ་གྱི་མཚམས་སྦྱོར་འོག་བཀྲ་ཤིས་དོན་གྲུབ་ཀྱིས་ཡིག་མཁན་བཀྲ་ཤིས་སྟོབས་རྒྱལ་བསྟེན་ནས་སྙེ་བྲིས་ཡིག་གཟུགས་དངོས་སྦྱོང་འགོ་བརྩམས། གོམ་པ་རིམ་བགྲོད་ཀྱིས་བྱང་ཤིང་དུ་ཀ་མད་སུམ་ཅུ་ནས་འགོ་བརྩམས་ཏེ་ཡིག་གཟུགས་འབྲི་རྩལ་སྦྱངས་པ་མ་ཟད། ད་དུང་ལེགས་སྦྱར་གྱི་ཡིག་གཟུགས་ལཉྫ་དང་ཝརྟུ་སོགས་ཀྱི་འབྲི་སྟངས་ཀྱང་སྦྱངས།

    “ང་ཚོའི་ཕ་ཡུལ་དུ་ཡིག་གཟུགས་སྦྱོང་བར་ཉུང་མཐར་ཡང་ལོ་དྲུག་དགོས་པའི་ཤོད་སྲོལ་ཡོད” དེར་བརྟེན་བཀྲ་ཤིས་དོན་གྲུབ་ཀྱིས་བགྲང་བྱ་བཅུ་ཕྲག་རིང་ཡིག་གཟུགས་ལ་སྦྱངས་པ་མཐར་ཕྱིན་མཛད།

    1989ལོར་གཏོར་སྐྱོན་ཕོག་པའི་རྩ་ཆེའི་གནའ་དཔེ་མྱུར་སྐྱོབ་བྱ་ཆེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གནའ་དཔེ་ཧྲལ་ཧྲུལ་ལ་མྱུར་སྐྱོབ་རང་བཞིན་གྱི་གསེར་ཡིག་གསབ་འབྲི་བྱེད་པར་ཡིག་མཁན་བཀྲ་ཤིས་སྟོབས་རྒྱལ་གདན་དྲངས་ཤིང་། དེའི་ཞོར་དུ་སློབ་མ་ཁག་གཅིག་གཙང་བཤུས་རྒྱག་པར་བསྡུས་ཡོད། སྐབས་དེ་དུས་བཀྲ་ཤིས་དོན་གྲུབ་ཀྱང་ཕུལ་བྱུང་གི་སྦྱངས་འབྲས་ལ་བརྟེན་ནས་སློབ་བུ་དེ་དག་གི་གྲས་སུ་ཚུད། ལས་ཀ་དེ་འགོ་བཙུགས་ནས་བགྲང་བྱ་5ཙམ་འགོར་ཡོད། སྐབས་དེའི་ཉམས་མྱོང་གིས་བཀྲ་ཤིས་དོན་གྲུབ་ཀྱིས་ཕྱིས་འབྱུང་ཡིག་གཟུགས་ཞིབ་འཇུག་གཏིང་ཟབ་དང་། ལག་ལེན། རྒྱུན་འཛིན་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

    2018ལོར་ཁོང་ལ“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་ཀྱི་བོད་ཡིག་ཡིག་གཟུགས་སྙེ་བྲིས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི”མཚན་སྙན་ཐོབ་ཡོད། ཁོང་གིས་སྔ་རྗེས་སུ《བོད་ཡིག་ཡིག་གཟུགས་ཀྱི་རིག་གཞུང་དང་བྲིས་རྒྱུན་རྣམ་གཞག》དང་། 《སྙེ་བྲིས་ཡིག་གཟུགས》 《བོད་ཡིག་ཡིག་གཟུགས་སྦྱོང་དེབ། དབུ་ཅན》 《གངས་ལྗོངས་ཡིག་མཁན་གྱི་ཡིག་གཟུགས་རྒྱུན་འཛིན་སྤྲིན་གྱི་མེ་ལོང》སོགས་དཔེ་སྐྲུན་གནང་བ་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》དང《ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག》སོགས་ཀྱི་དུས་དེབ་ཏུ་རིག་གཞུང་དཔྱད་རྩོམ་དང་ཡིག་གཟུགས་བརྩམས་ཆོས་མང་པོ་བཀོད་ཡོད།

    བཀྲ་ཤིས་དོན་གྲུབ་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་མང་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་གདན་ཞུས་ལྟར་ཕྱི་འབྲེལ་པུས་གཉེར་བའི“བོད་ལྗོངས་གོ་ལ་ཧྲིལ་པོར་འོས་སྦྱོར་བྱེད་པའི”བྱེད་སྒོར་ཞུགས་ནས་གོ་ལ་ཧྲིལ་པོར་སྙེ་བྲིས་ཡིག་གཟུགས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པར། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་དང་། ནང་སོག་རང་སྐྱོང་ལྗོངས་རྟེན་མཛོད་ཁང་དང་། ཧྥུའུ་ཅན་ཞིང་ཆེན་རྟེན་མཛོད་ཁང་། བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་། མཚོ་སྔོན་མགོ་ལོག་དཔེ་མཛོད་ཁང་སོགས་ཚན་པས་ཁོང་གི་ཡིག་གཟུགས་བརྩམས་ཆོས་བརྒྱ་ལྷག་ཙམ་ཉར་ཚགས་བྱས་ཡོད།

    2019ལོར་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་གདན་ཞུས་ལྟར་བཀྲ་ཤིས་དོན་གྲུབ་ཀྱི་སྙེ་བྲིས་ཡིག་གཟུགས་དང་བོད་ཡིག་གི་ཨང་ཀི་གློག་ཀླད་ཀྱི་ཡིག་གཟུགས་ནང་དུ་དངོས་སུ་བཅུག་ཡོད། “ལས་དོན་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཞིག་རེད་ལ། སྙེ་བྲིས་ཡིག་གཟུགས་ལ་དགའ་པོ་ཡོད་མཁན་དང་ཕྱིས་ཀྱི་ཡིག་གཟུགས་ལ་པར་རྒྱག་པ་དང་དཔེ་སྐྲུན་སོགས་ཀྱི་ཐད་གདམ་ག་མང་པོ་བྱུང་ནས་ཚང་མས་སྙེ་བྲིས་ཡིག་གཟུགས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དེ་བཞིན་གནའ་དཔེའི་ཚད་ལྡན་ཡིག་ཆའི་ཁྲོད་ཀྱི་ཕན་ནུས་ལ་ངོས་འཛིན་གསར་པ་བྱུང་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་དགྱེས་ཚོར་ཆེན་པོས་བརྗོད།

    བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་བོད་ཡིག་ཡིག་གཟུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མཆོག་ནོར་ཡིན་པ་དང་། དེའི་ལོ་རྒྱུས་རིང་བ་མ་ཟད་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱང་ཆེན་པོ་ལྡན་ཡོད། “གྲོང་མི་དཀྱུས་མ་ཞིག་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད། ངའི་གཏམ་རྒྱུད་ནི་ཏང་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་བཏང་བའི་མཚོན་བྱེད་ཙམ་ཞིག་རེད། རྒྱལ་ཁབ་དང་བོད་ལྗོངས་ཀྱིས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་བས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་རྨང་གཞིའི་འོག་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ད་ལྟ་ང་ཚོར་གོ་སྐབས་དང་ཆ་རྐྱེན་གསར་པ་འཕྲད་བཞིན་ཡོད་པས། བོད་ཀྱི་རིག་གནས་ཀྱིས་ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

    བཀྲ་ཤིས་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་ལྷུན་གྲུབ་རྫོང་དུ་བོད་ཡིག་གི་གནའ་དཔེར་ཡོངས་བཤེར་བྱེད་བཞིན་པ།

    བཀྲ་ཤིས་དོན་གྲུབ་དང་དགེ་ཕྲུག་བློ་བཟང་གིས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཤོག་སྔོན་བཟོ་བཞིན་པ།

    2018ལོར་བཀྲ་ཤིས་དོན་གྲུབ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཀྱི་སྙེ་བྲིས་ཡིག་གཟུགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་འདེམས་སྐབས་སྤྲད་པའི་ལག་ཁྱེར་ཡིན་པ།



    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།