དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཐོག་ནས་བོད་ཀྱི་ཆོས་དད་རང་མོས་ཀྱི་སྲིད་ཇུས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།    |     སྤེལ་དུས།  2023-07-27

    ཆོས་ལུགས་ནི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཆོས་དད་རང་མོས་འགན་སྲུང་དང་། ཆོས་ལུགས་ཀྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས་དུས་རབས་དང་འཚམ་ཐུབ་པ་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་བཀག་འགོག་བྱ་རྒྱུ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མདུན་དུ་ལྷགས་པའི་ཐུན་མོང་གི་ཞིབ་འཇུག་བྱ་གཞི་ཞིག་རེད། ཀྲུང་གོས་ཆོས་ལུགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཆོས་ལུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ནས། ཁྲིམས་ལྟར་ཆོས་དད་རང་མོས་འགན་སྲུང་དང་། ཆོས་ལུགས་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་འདེད། ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱེད་པའི་ལེགས་གྲུབ་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད། ལོ་མང་རིང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། བོད་ཀྱི་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ལ་འདྲ་མཉམ་གྱི་བརྩི་འཇོག་དང་སྲུང་སྐྱོང་ཐོབ་པ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་ཐོབ་ནས། སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་འགན་ལེན་ནུས་ལྡན་ཐུབ་ཡོད།

    སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་གནས་རྒྱུན་འཛིན་བྱེད་པའི་ཆོས་ལུགས་ལམ་ལུགས་ཤིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཀྱི་ཁས་ལེན་དང་བརྩི་འཇོག་ཐོབ་ཡོད།

    སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་གྲུབ་མཐའ་དང་དགོན་པའི་གཙོ་འཛིན་གྱི་རྒྱུད་འཛིན་ཐག་གཅོད་བྱེད་ཆེད་ཡིན་པ་དང་། བོད་ཀྱི་གནའ་བོའི་བླ་སྲོག་འདུ་ཤེས་དང་ནང་བསྟན་ཁྲོད་དམིགས་བསལ་གྱི་སྤྲུལ་པའི་རིགས་པའི་གཞུང་ལུགས་གཞིར་བཟུང་ནས་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་རྒྱུད་འཛིན་ལམ་ལུགས་ཤིག་ཡིན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་དེ་ལོ་ངོ་བརྒྱ་ཕྲག་དུ་མའི་འཕེལ་རྒྱས་དང་རིམ་འགྱུར་བརྒྱུད་ནས་གཟབ་ནན་ཆེ་ཞིང་ཚགས་དམ་པའི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཆ་ཚང་ཞིག་རིམ་གྱིས་ཆགས་ཤིང་། དེའི་ནང་གཙོ་བོ་ཡང་སྲིད་རྒྱལ་ནང་དུ་བཙལ་འཚོལ་དང་། ངོས་འཛིན། གདན་སར་འགོད་པ་སོགས་ཚུད་ཡོད། དེའི་ནང་ཤུགས་རྐྱེན་ཆེ་བའི་སྤྲུལ་སྐུ་ཆེ་གྲས་ལ་གསེར་བུམ་དཀྲུགས་ནས་ངོས་འཛིན་དང་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་བཀོད་ནས་ལས་གནས་འཛིན་དུ་འཇུག་རྒྱུ་དེ་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་གྱུར་ཡོད། རྒྱལ་ནང་དུ་བཙལ་འཚོལ་བྱེད་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དེའང་སྔ་ས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་འགྱུར་བ་གཏོང་ཐབས་མེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་སྲིད་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ《ཆོས་ལུགས་ལས་དོན་སྲོལ་ཡིག》དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》སོགས་ཁྱབ་བསྒྲགས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་བྱ་ཐབས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་ཡོད།

    《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ལམ་བུའི་ཐོག་བསྐྱོད་པ་མཚོན་ཞིང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    2007ལོའི་ཟླ་7ཚེས་18ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་འབྲེལ་ལོ་དེའི་ཟླ་9ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད། དེ་ནི་ཀྲུང་གོ་སྲིད་གཞུང་གིས《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ལག་བསྟར་བྱས་ནས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། ལོ་བཅུ་ལྷག་གི་རིང་ལ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སྐོར་གྱི་ཁྲིམས་སྲོལ་དང་བྱ་ཐབས་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་བརྩི་འཇོག་དང་རྒྱུན་འཛིན་གང་ལེགས་ཐུབ་ཡོད། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ནང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ཇུས་དང་ཁྲིམས་ལྟར་བོད་ལྗོངས་སྐྱོང་བའི་རྩ་དོན་གལ་ཆེན་ལག་བསྟར་བྱས་པ་དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ལ་བརྩི་འཇོག་བྱེད་པའི་རྩ་དོན་མཚོན་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྐབས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་ཚང་དགོས་པའི་ཆ་རྐྱེན་གཏན་འཁེལ་བྱས་པ་དང་། སྲིད་གཞུང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་བ། ནང་བསྟན་མཐུན་ཚོགས་ཀྱི་འགན་འཁྲི་གསལ་པོ་བཟོས་པ་ནི་བོད་བརྒྱུད་ནང་བསྟན་གྱི་དོན་དངོས་དང་ཡོངས་སུ་མཐུན་པ་དང་། བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དད་ལྡན་མང་ཚོགས་བཅས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད།

    《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ལ་ཆོས་ལུགས་ལས་རིགས་དང་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པའི་འགྲོ་བ་མིའི་ཐོབ་ཐང་གི་དོན་སྙིང་ལྡན་ཡོད། 

    2007ལོར《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དེས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ་སོགས་བོད་འབྲེལ་ས་ཁུལ་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དྲང་གཞག་རང་བཞིན་འགན་ལེན་ཐུབ་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་མ་ཟད། ལོ་10ལྷག་ཙམ་རིང 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ཀྱི་དགོངས་དོན་ལྟར་བོད་ལྗོངས་སོགས་སུ་ཞིང་ཆེན་དང་ཀྲོའུ་རིམ་པའི་ནང་བསྟན་སློབ་གླིང་གཅིག་རྗེས་གཉིས་མཐུད་ངང་བཙུགས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲུལ་སྐུའི་ཡང་སྲིད་གསར་པ་འབོར་ཆེན་ཞིག་ངོས་འཛིན་དང་གསོ་སྐྱོང་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུན་འཛིན་ལ་སྔར་བས་ཁྲིམས་ལྟར་འགན་སྲུང་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་ཀྱི་གཞི་རྩའི་ཆོས་ལུགས་ཀྱི་དགོས་མཁོ་བསྐངས་ཡོད། དེར་བརྟེན《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ལག་བསྟར་བྱས་པ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཀྱི་རླབས་ཆེའི་ལག་ལེན་ཞིག་ཡིན།

    གོང་གསལ་གྱི་དོན་དངོས་གནས་ཚུལ་ལས་བོད་མི་དམངས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཟམ་མི་ཆད་པར་ཡར་རྒྱས་འགྲོ་བཞིན་ཡོད་པ། ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་ཀྱི་རིམ་ཁག་སྲིད་གཞུང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད་འབད་བརྩོན་ཆེན་པོ་བྱས་ཤིང་། བོད་མི་དམངས་ལ་ད་ལྟ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། (བསོད་ནམས་སྒྲོལ་མ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་ལས་རོགས་ཞིབ་འཇུག་པ་ཡིན )

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།