ལོ་རྒྱུས་སྙན་རྩོམ་རིང་པོ་གླིང་སྒྲུང་ལས་འཕྲོས་ཏེ་རྒྱ་བོད་མཛའ་མཐུན་འབྲེལ་བའི་སྐོར་གླེང་བ།
དེ་ཡང“མི་རིགས་ཤིག་གི་ལོ་རྒྱུས་སྙན་རྩོམ་ནི་མི་རིགས་དེའི་དམིགས་བསལ་གྱི་དུས་རིམ་ནང་གི་ལོ་རྒྱུས་ཀྱི་སྣང་བརྙན་རེད”ཅེས་དང་། “གླིང་སྒྲུང་གིས་སྒྱུ་རྩལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་གནས་ཚུལ་དངོས་མཚོན་ཚུལ་ནི་ལོ་རྒྱུས་དང་། མི་སྣ། ས་ཆ། དོན་རྐྱེན་གྱི་འགོ་མཇུག་སོགས་ལོ་རྒྱུས་དངོས་དང་ཡོངས་སུ་མཐུན་པ་ཞིག་མིན་ཡང་། དེས་ཡང་དག་པའི་སྒོ་ནས་ལོ་རྒྱུས་ཀྱི་ངོ་བོའི་གདོང་རིས་དང་སྤྱི་ཚོགས་འཚོ་བའི་སྤྱིའི་རྣམ་པ་མཚོན་ཐུབ་ཀྱི་ཡོད”ཅེས་གསུངས་པ་ལྟར། རང་རེའི་ལོ་རྒྱུས་སྙན་རྩོམ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡང་མི་རིགས་གང་དེའི་དམིགས་བསལ་གྱི་དུས་རིམ་དང་། ལོ་རྒྱུས་ཀྱི་དོན་རྐྱེན་ཆེ་ཁག་རྒྱབ་ལྗོངས་སུ་བྱས་ནས་སྒྲུང་པ་སྒེར་གྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གྲུབ་པ་ཞིག་རེད། སྤྱིར་ན་གླིང་སྒྲུང་གི་བརྗོད་དོན་གཙོ་བོ་ནི་བཙན་པོའི་གཉན་ནས་གནོན་པ། གཉོམ་ཆུང་མཐའ་ནས་སྐྱོང་བ། ཁམས་གསུམ་བདེ་ལ་འགོད་པ་ཡིན་ཞིང་། གེ་སར་གྱིས་མཚོ་བོད་མཐོ་སྒང་གི་གཅིག་གྱུར་དང་འབངས་མིའི་བདེ་སྐྱིད་ཀྱི་འཚོ་བར་སྲུང་སྐྱོབ་བྱེད་ཆེད་དཔའ་ངར་ཆེར་བསྐྱེད་ཀྱིས་དགྲ་སྡེ་དང་ཤི་གསོན་གྱི་འཐབ་རྩོད་ཐེངས་མང་མཛད་ཡོད། དེ་ལས་གེ་སར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་ཐུགས་དགོངས་དང་། བཙན་འཛུལ་དང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་མཚོན་ལ། དེ་ནི་ལོ་རྒྱུས་སྙན་རྩོམ་རིང་པོ་འདི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཕུན་སུམ་ཇེ་ཚོགས་དང་། མི་རབས་ནས་མི་རབས་བརྒྱུད་དེ་ཉམས་པ་མེད་པའི་རྩ་བའི་རྒྱུ་རྐྱེན་ཞིག་ཀྱང་རེད། གླིང་སྒྲུང་འདི་རང་རྒྱལ་གྱི་ཧོར་རིགས་དང་། འཇང་རིགས། པའེ་རིགས། ཡུས་ཀུའུ་རིགས། ཟ་ལར་རིགས་སོགས་མི་རིགས་མང་པོའི་ཁྲོད་དུ་དར་ཁྱབ་བྱུང་ཡོད་པ་མ་ཟད། མི་རིགས་རང་རང་གི་ཁྱད་ཆོས་ལྡན་པའི་སྒྲུང་གཏམ་དུ་གྱུར་ནས་མི་རིགས་སོ་སོས་རྩིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཚུལ་དེ་ཡིས་གླིང་སྒྲུང་འདི་ནི་བོད་རིགས་སོགས་མི་རིགས་མང་པོས་ཐུན་མོང་གིས་གསར་རྩོམ་དང་རྒྱུན་འཛིན། འཕེལ་རྒྱས་བཏང་བའི་སྒྱུ་རྩལ་གྱི་ཉིང་བཅུད་ཅིག་ཏུ་གྱུར་ཡོད་ལ། ཡུན་རིང་ཚུན་དུ་བོད་རིགས་དང་མི་རིགས་གཞན་དག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བདེན་དཔང་མཚོན་པའི་མཆོག་ནོར་གྱི་རིག་གནས་ཤིག་ཏུའང་གྱུར་ཡོད།
བྱེ་བྲག་གླིང་སྒྲུང་རྒྱ་གླིང་ལྟ་བུར་མཚོན་ན། སྔར་སོང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་རྒྱ་བོད་མི་རིགས་ཕན་ཚུན་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ལ་དམིགས་ཏེ་ཕན་ཚུན་འགྲོ་འོང་དང་སྤེལ་རེས་རྒྱུན་ཆད་མྱོང་མེད་པའི་ལོ་རྒྱུས་ཀྱི་དངོས་དོན་དང་། ལྷག་པར་དུ་སུང་རྒྱལ་རབས་ཀྱི་དུས་སུ་དར་སྤེལ་ཤུགས་ཆེན་བྱུང་བའི་ཇ་རྟ་བརྗེ་རེས་ཀྱི་ཚོང་འདྲེན་འབྲེལ་བ་དང་། རིག་གནས་སྤེལ་རེས་ཀྱི་ནང་དོན་དེ་དག་རྒྱབ་ལྗོངས་སུ་བྱས་ནས་གྲུབ་པ་ཞིག་ཡིན་པར་འདོད་དེ། དཔེར་ན། སྒྲུང་མཁན་བསམ་གྲུབ་ཀྱིས་བཤད་པའི་རྒྱ་གླིང་ནང་དུ“སྔ་རབས་དུས་ཚོད་གོང་རོལ་ལ། ལྡོང་སྨུག་པོའི་ལྷ་སྲས་སྤྱི་དཔོན་གྱིས། རྒྱ་ཉི་མ་རྒྱལ་པོའི་སྲས་མོ་དེ། ཁྲ་འཁྱུགས་སེ་ཁྲ་མོ་གླིང་ལ་བསུས། བུ་རྒྱ་ཚ་ཟེར་བའི་འབྲུག་གྲགས་གཡེར”ཞེས་པ་ལྟ་བུས་བཙན་པོའི་རྒྱལ་རབས་སྐབས་རྒྱ་བོད་མི་རིགས་གཉིས་གཉེན་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་ཕན་ཚུན་འཆམ་མཐུན་དང་མཛའ་འབྲེལ་བྱུང་བའི་ལོ་རྒྱུས་ཏེ། “ཀྲིན་ཀོན་ཁྲི་ལོ་བརྒྱད་པར་བོད་རྗེ་སྲོང་བཙན་སྒམ་པོས་རྒྱ་ཡུལ་དུ་ཕོ་ཉ་བཏང་ནས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་ཏེ་རྒྱ་བོད་གཉེན་སྒྲིག་གི་འབྲེལ་བ་ཐོག་མར་ཚུགས”པ་དང་། “ཅིན་ལུང་ཁྲི་ལོ་བཞི་པར་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གྱིམ་ཤིང་ཀོང་ཇོ་བོད་དུ་གདན་དྲངས་ནས་གཉེན་རྙིང་པའི་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱ་བོད་མི་རིགས་དབར་འཁྲུག་རྩོད་མེད་པར་ཕན་ཚུན་ཞི་གནས་མཛའ་འབྲེལ་བྱུང”བའི་ལོ་རྒྱུས་ཀྱི་དོན་ཆེན་དག་རྒྱབ་ལྗོངས་སུ་བྱས་པར་སེམས་ལ། དེ་བཞིན་ཇ་རྟའི་གནའ་ལམ་བརྒྱུད་ཇ་རྟ་གཙོ་བོར་བྱས་པའི་མི་རིགས་སོ་སོའི་དམིགས་བསལ་གྱི་ཐོན་ཟོག་བརྗེ་རེས་ཀྱིས་རྒྱ་བོད་ཀྱི་ཁྲོམ་ར་གྲ་རྒྱས་སུ་ཕྱིན་ཏེ། རིག་གནས་དང་ལག་ཤེས་བཟོ་ལས་སོགས་གང་ཅིའི་ཐད་ཕན་ཚུན་ཤུགས་རྐྱེན་ངེས་ཅན་ཐེབས་པའི་ལོ་རྒྱུས་སོགས་རྒྱ་བོད་དབར་གྱི་མཛའ་མཐུན་འབྲེལ་བའི་སྐོར་དེ་དག་བློ་རིག་རྒོད་པའི་དམངས་ཁྲོད་ཀྱི་སྒྲུང་པ་ཚོས་ས་བོན་དུ་མཛད་ཅིང་། དེར་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་འཕྲི་སྣོན་དང་ཆེ་བསྟོད་གང་ལ་དེ་འཚམ་གྱིས་གླིང་སྒྲུང་ནང་དུ་བླངས་ཡོད་ཚུལ་རྒྱ་གླིང་དཔར་མ་མི་འདྲ་བའི་ནང་དོན་ལས་མངོན་ལྐོག་གཉིས་ཀྱིས་མཐོང་ཐུབ། དཔེར་ན། སྒྲུང་མཁན་བསམ་གྲུབ་ཀྱིས་བཤད་པའི་རྒྱ་གླིང་ལས“ཇ་ཡུ་དམར་དབུས་གཙང་སྟོད་ལ་འདྲེན། རྒྱུ་ནོར་རྫས་རྒྱ་ནག་སྨད་ལ་འདྲེན། རྒྱ་བོད་མ་འདྲེས་བུ་འདྲེས་ཡིན”ཞེས་དང་། “དེ་ནས་རྒྱ་སྡེའི་རྒྱལ་པོ་ལ། དགོས་པའི་རྒྱུ་དང་མཁོ་བའི་རྫས། རྩྭ་སྨན་ཤིང་སྨན་རིན་ཆེན་སྨན། ཤྭ་རྭ་གླ་རྩི་འབྲོང་གི་སྙིང་། དོམ་འཁྲིས་སྟག་གཟིག་ཤ་རུས་སོགས། རྒྱལ་པོ་ཁྱེད་ལ་འབུལ་ཚན་ཕུལ”ཞེས་པ་ལྟ་བུས་རྒྱ་ཇ་བོད་ལ་འདྲེན་པ་དང་བོད་ཁུལ་གྱི་དམིགས་བསལ་ཐོན་ཟོག་རྒྱ་ཡུལ་ལ་འདྲེན་གྱི་ཡོད་པ་གསལ་པོར་ཤེས་ཐུབ། གང་ལྟར་ང་ཚོས་དུ་བ་ལས་ནི་མེར་ཤེས་དང་ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། འབྲས་བུ་ལས་རྒྱུ་དཔོག་ཐུབ་པ་ལྟར། རྒྱ་གླིང་གི་ནང་དུ་ཤང་ཤང་བྱ་ཡི་ཕོ་ཉ་མངགས་ནས་གླིང་རྗེ་རྒྱ་ཡུལ་དུ་གདན་དྲངས་པ་དེ་ལས་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སུ་བོད་རྒྱ་མི་རིགས་གཉིས་དབར་མཆོད་ཡོན་གྱི་འབྲེལ་བ་ཟབ་མོ་ཡོད་པའི་ལོ་རྒྱུས་ཀྱི་སྐོར་ཕྱོགས་དང་ཟུར་མི་འདྲ་བ་ནས་མངོན་ཐུབ་པ་དང་། མི་རིགས་གཉིས་ཀྱིས་རང་རང་གི་ཡུལ་ཟོག་ཐོན་རྫས་ཕན་ཚུན་དབར་སྤྲོད་རེས་བགྱིས་པའི་སྐོར་བཀོད་ཡོད་པ་དེ་ལས་རྒྱ་བོད་མི་རིགས་གཉིས་སྔ་མོའི་དུས་ནས་དངོས་ཟོག་བརྗེ་རེས་ཀྱི་ཚོང་ལམ་གྱི་འབྲེལ་བ་ཟབ་མོ་ཡོད་པ་མཚོན་པ། གཞན་ཡང་རྒྱ་རྗེ་ཀ་ར་ཀུན་ཀོན་དང་གླིང་རྗེ་གེ་སར་གྱིས་གཙོ་མཛད་པའི་རྒྱ་གླིང་གི་བློན་འབངས་རྣམས་འདུ་ར་བསྡུས་ཏེ་འདོ་བ་རྟ་ཡི་བང་རྩལ་འགྲན་པ། ཉག་ཕྲན་མདའ་མོའི་མཐེབ་རྩལ་འགྲན་པ། ངོ་མཚར་ཆེ་བའི་མིག་འཕྲུལ་འགྲན་པ། ན་ཆུང་མཛེས་མའི་སྐྱེས་ཡག་འགྲན་པ། དཀར་མོ་འོ་མའི་ཞོ་མཁས་འགྲན་པ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་དང་ལག་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་སྐོར་བཀོད་ཡོད་པ་ལས་ཡོས་ལ་བབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར། མི་རིགས་ཕན་ཚུན་དབར་འགྲོ་འོང་རྒྱུན་ཆད་མེད་པའི་མཛའ་མཐུན་གྱི་འབྲེལ་ལམ་བཟང་པོ་དང་། རིག་གནས་སྤེལ་རེས་བྱེད་པའི་རྒྱུན་སྲོལ་བཟང་པོ་ཞིག་སྔར་ནས་དར་བཞིན་ད་ཡང་འཕེལ་རྒྱས་འགྲོ་བཞིན་པ་མཚོན་ལ། རྒྱ་ཆེའི་བོད་རིགས་མང་ཚོགས་ཚོས་རྒྱ་བོད་དབར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ལ་རྗེས་དྲན་དང་བསྟོད་དབྱངས་ཚེ་ཚེ་རབས་རབས་སུ་འབུལ་བཞིན་ཡོད་པའང་མཚོན་ནོ།
གཞན་ཡང་ཞོར་འཕྲོས་ཚུལ་དུ《རྒྱ་གླིང》ངམ《རྒྱ་ནག་ཇ་རྫོང》《རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ》《རྒྱ་གླིང་གཡུལ་འགྱེད》ཅེས་པ་སོགས་རྒྱ་གླིང་དཔར་མ་མི་འདྲ་བ་ཁ་ཤས་མཐོང་ཆོས་སུ་སྣང་རུང་། དེ་དག་རྒྱས་བསྡུས་ཀྱི་དབྱེ་བ་དང་མཚན་བྱང་གི་འབོད་ཚུལ་མི་འདྲ་བ་ཙམ་ལས་བརྗོད་བྱའི་སྲོག་ཤིང་མི་རིགས་ཕན་ཚུན་དབར་སྔར་ནས་འབྲེལ་བ་དམ་ཟབ་དང་། གཅིག་ཕན་གཅིག་རོགས་བྱེད་པའི་རྒྱུན་སྲོལ་བཟང་པོ་ཞིག་ལྡན་ཡོད་ཚུལ་མཚོན་པ་དེ་གཅིག་ཏུ་ངེས་ལ། མཚན་བྱང་དེ་དག་ཀྱང་སྒྲུང་པ་དང་ལེགས་སྒྲིག་པ། ཡང་ན་རྩོམ་སྒྲིག་པས་རང་རང་གི་བློའི་འཁྱེར་ཕྱོགས་དང་སྒྲུང་གི་དམིགས་བསལ་ནང་དོན་ལ་དམིགས་ནས་མིང་དེ་ལྟར་བཏགས་པར་བསམས་ཏེ། 《རྒྱ་ནག་ཇ་རྫོང》ལྟ་བུ《རྒྱ་གླིང》སྒྲུང་གི་མཇུག་ཏུ་སེང་ཆེན་ནོར་བུ་དགྲ་འདུལ་ལ་རྒྱ་ནག་རྒྱལ་པོས་རིན་ཆེན་ནོར་དང་རྒྱ་ཇ་སྣ་ཚོགས་ཕུལ་བའི་གནད་དེ་དམིགས་སུ་བཟུང་ནས་བཏགས་པ་དང་། 《རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ་》ཞེས་པ་རྒྱ་ཆུ་དགུ་འདུས་པའི་ཟམ་པའི་ཚུ་རོལ་གྱི་གླིང་གི་མི་ཆུང་ཁ་བདེ་དང་ཆུ་ཕ་རོལ་གྱི་རྒྱ་ཡི་བུ་མོ་སྤུན་བདུན་བར་ཁ་མཚར་གླུ་ཤགས་བླངས་པའི་ནང་དོན་དེ་འབུར་དུ་ཐོན་ཕྱིར་མིང་དེ་ལྟར་བཏགས་པར་སེམས། 《རྒྱ་གླིང་གཡུལ་འགྱེད》ཅེས་པ་གླིང་སྒྲུང་གི་སྒྲུང་མིང《ཧོར་གླིང་གཡུལ་འགྱེད》དང《མོན་གླིང་གཡུལ་འགྱེད》ལྟ་བུར་དཔེ་བླངས་ནས་གཡུལ་འགྱེད་ཅེས་པའི་ཚིག་འབྲུ་གཉིས་བསྣན་པ་མིན་ནམ་སྙམ། དེ་མིན་ན《རྒྱ་གླིང་གཡུལ་འགྱེད》ཅེས་བརྗོད་པའི་དགོས་པ་མ་མཐོང་སྟེ། 《རྒྱ་གླིང》གི་ནང་དུ་གླིང་དང་རྒྱ་གཉིས་དབར་ཧོར་གླིང་དང་། ཡང་ན་མོན་གླིང་བཞིན་དམག་འཁྲུག་བྱུང་བའི་ནང་དོན་མཐོང་དཀོན་ལ། སྒྲུང་གི་ཁུངས་སྣེ་ནི་རྒྱ་ཡི་བུ་མོ་སྤུན་བདུན་གྱིས་གླིང་ཕྱོགས་ལ་འཕྲིན་སྐྱེལ་ཕོ་ཉ་མངཌ་ནས་གེ་སར་རྒྱལ་པོ་བཙུན་མོའི་རོ་རུལ་ཞུ་བར་གདན་དྲངས་པ་ཞིག་ཡིན་ན། དེ་ནི་གཡུལ་འགྱེད་ལས་ལྡོག་སྟེ་མི་རིགས་ཕན་ཚུན་དབར་སྔར་ནས་འབྲེལ་བ་དམ་ཟབ་དང་། གཅིག་ཕན་གཅིག་རོགས་ཀྱི་རྒྱུན་སྲོལ་བཟང་པོ་ཞིག་དར་ཞིང་གནས་ཡོད་པ་མཚོན། དེས་ན《རྒྱ་གླིང་གཡུལ་འགྱེད》ཅེས་བརྗོད་པ་མི་འཐད་ཅིང་། 《རྒྱ་ནག་ཇ་རྫོང》ངམ《རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ》ཡང་ན་ཐད་ཀར《རྒྱ་གླིང》ཞེས་འབོད་ན་དོན་ལ་གནས་པར་སེམས་སོ།
གང་ལྟར། གླིང་སྒྲུང་གི་མི་སེམས་འགུལ་བའི་རླབས་ཆེན་གྱི་ཆ་དེ་ཡང་ཀྲུང་ཧྭ་མི་རིགས་ཐུན་མོང་གིས་ཁས་ལེན་དོན་གཉེར་བྱེད་པའི་རིན་ཐང་ལྟ་བ་དང་ཐུན་མོང་གིས་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པའི་བསམ་པའི་ཕུགས་འདུན། དེ་བཞིན་དམངས་སེམས་ཉིང་འདུས་དང་། མཐུན་སྒྲིལ་ཡར་འཕེལ། བདེ་སྐྱིད་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་ལས་མངོན་ཞིང་། དེ་ལ་མི་རིགས་ལས་བརྒལ་བ། ས་ཁུལ་ལས་བརྒལ་བ། རིག་གནས་ལས་བརྒལ་བའི་ཐུན་མིན་གྱི་ཁྱད་ཆོས་མངའ་ན། ང་ཚོས་དེའི་མི་རིགས་ཕན་ཚུན་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ནང་དོན་དེ་དག་མུ་མཐུད་འཚོལ་བསྡུ་སྔོག་འདོན་དང་། ཞིབ་འཇུག་ཚགས་ཚུད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་སྲ་བརྟན་ཡོང་ཕྱིར་ལོ་རྒྱུས་སྙན་རྩོམ་རིང་པོའི་རིག་གནས་ཀྱིས་ལེགས་སྐྱེས་གང་མང་དབུལ་དགོས་པ་ནི་གནད་གལ་ཆེན་ཞིག་ཏུ་མཐོང་ངོ་། (བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་ཞིབ་འཇུག་ལྟེ་གནས། བསོད་ནམས་བཀྲ་ཤིས)