དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ནང་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པའི་སྒྲ་འདོན་སྟངས་ཁག་ཅིག་གི་སྐྱོན་སེལ་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    བོད་སྐད་སྙན་སྒྲོན་པ་དང་གཙོ་སྐྱོང་བ་ཞིག་གི་ངོས་ནས་བོད་སྐད་ལེ་ཚན་སྙན་སྒྲོན་དང་གཙོ་སྐྱོང་བྱེད་སྐབས་ཡི་གེའི་སྒྲ་ལྕི་ཡང་ངམ་དྲག་ཞན་དང་ཡི་གེའི་གཅོད་མཚམས་སོགས་བརྡ་སྤྲོད་ཀྱི་གཞུང་དང་བསྟུན་ནས་ཚད་དང་ལྡན་པ་ཞིག་ཀློག་ཐུབ་ན། ལེ་ཚན་ཉན་མཁན་ཚོས་ལེ་ཚན་གང་ཞིག་ཉན་པ་ཙམ་གྱིས་སྐབས་བབ་ཀྱི་ནང་དོན་བདེ་བླག་ངང་རྟོགས་ཐུབ་པ་དང་། རྣ་བར་སྙན་པ། ཡིད་ལ་འཇགས་པ་སོགས་ཀྱི་ནུས་པ་ཆེན་པོ་ཐོན་ངེས། དེ་ལས་ལྡོག་སྟེ་སྙན་སྒྲོན་པ་དང་གཙོ་སྐྱོང་བས་རང་གིས་གང་སྙན་སྒྲོན་ཞུ་རྒྱུའི་ནང་དོན་ལ་གོ་བ་ལེགས་པོ་མ་ལོན་པའམ་རང་གི་ཆུ་ཚད་ཀྱིས་མ་འདང་བའི་རྐྱེན་གྱིས་ཡི་གེའི་གཅོད་མཚམས་ནོར་ནས་ཀློག་པའམ་སྒྲ་དྲག་ཞན་གྱི་ཁྱད་པར་འབྱེད་མ་ཤེས་པར་རང་ཉིད་གང་འདོད་དུ་བཀླགས་ན་ཉན་པ་པོས་ལེ་ཚན་དེའི་ནང་དོན་ལ་གོ་བ་བདེ་བླག་ཏུ་ལོན་རྒྱུ་ལྟ་ཅི། གོ་ནོར་ཐེབས་སྲིད་པ་དང་། ཐ་ན་སྤྱི་ཚོགས་ཐོག་བཞད་གད་སློང་བའི་རྒྱུ་རུ་འགྱུར་སྲིད་པས། སྙན་སྒྲོན་པ་དང་གཙོ་སྐྱོང་བ་ཚོས་རང་གི་ལས་སྒོའི་ཁྱད་ཆོས་ལ་ངོས་འཛིན་གསལ་པོ་ཐུབ་པར་བྱས་ནས། དུས་རྒྱུན་ནས་རིག་གནས་སྤྱི་ཡོངས་ཀྱི་ཆུ་ཚད་དང་ལྷག་དོན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལ་སྦྱངས་བརྩོན་བྱས་ཏེ། གང་སྙན་སྒྲོན་ཞུ་རྒྱུའི་ནང་དོན་དག་ཉན་པ་པོའི་རྣ་ལམ་དུ་སྙན་འཇེབས་ཡིད་དབང་འཕྲོག་ཅིང་དོན་གྱི་གོ་བ་ལེགས་པོ་སྐྱེད་ཐུབ་པའི་སྒོ་ནས་ཀློག་འདོན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    སྒྲ་འདོན་སྟངས་ནོར་བའི་མིང་ཚིག་ཐ་སྙད་དཔེ་དང་བཅས་ཏེ་བརྗོད་པ།

    སྤྱིར་ན་སྙན་སྒྲོན་པ་ལ་ཤས་ཀྱི་བོད་སྐད་ཡིག་གི་ཆུ་ཚད་ཅུང་དམའ་བ་དང་། སྙན་སྒྲོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་མེད་པ་མ་ཟད། ཆེད་ལས་སློབ་སྦྱོང་ལ་སྣང་ཆུང་ཤོར་བ་་སོགས་ཀྱི་དབང་གིས་ཡི་གེའི་སྒྲ་འདོན་སྟངས་ཁག་ཅིག་གི་ཐད་རང་ཉིད་ལ་གདེང་ཚོད་མེད་རུང་གཞན་ལ་སྐད་ཆ་མི་འདྲི་བར་གང་འདོད་འདོད་དུ་འདོན་པ་དེ་ནི་སྤང་བྱ་ཞིག་ཏུ་མཐོང་སྟེ། གལ་ཏེ་དེ་ལྟར་མ་དག་རྒྱུན་འབྱམས་སུ་སོང་ཚེ་ནམ་ཞིག་ཕྱི་རབས་པ་མང་པོ་ཞིག་གིས་སྙན་སྒྲོན་པ་དེ་དག་གི་སྒྲ་འདོན་སྟངས་ཚད་མར་བརྩིས་ནས་སྤྱི་ཚོགས་ཐོག་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ཞིག་ཡིན་པས། ན་གཞོན་སྙན་སྒྲོན་པ་རྣམས་ནས་ཤིན་ཏུ་གཟབ་དགོས།

    དེ་ཡང་འདི་གར་གུས་མོས་རྒྱུན་མཐོང་གི་སྒྲ་འདོན་སྟངས་ནོར་འཁྲུལ་ཁག་ཅིག་དཔེར་བརྗོད་དུ་འགོད་པར་བྱ་སྟེ། དཔེར་ན། བོད་ཀྱི་ཡི་གེའི་ནང་། གཡག་མགོ ལུག་མགོ མཇུག་འབྲས། གྲུབ་འབྲས། ཆུ་འབྲས། ཤ་འབྲས། གསར་འགྱུར། ཐུགས་འདོད་རེ་སྐུལ། མཇལ་འཕྲད། ད་ལྟ་ལྟ་བུའི་མིང་ཚིག་དེ་དག་ལ་མཚོན་ན། གསར་འགྱུར་གྱི་འགྱུར་དང་། གྲུབ་འབྲས་ཀྱི་འབྲས་ཞེས་པའི་ཡི་གེ་དེ་གཉིས་པོའི་སྔོན་འཇུག་འ་ཡིག་ཡིན་པ་དང་། འ་ཡིག་དེ་སྒྲ་ལྕི་ཡང་གི་སྒོ་ནས་བརྗོད་ན་མོ་ཡིག་གམ་སྒྲ་ཅུང་ཞན་པའི་ཡི་གེ་ཡིན་སྟབས་གསར་འགྱུར་དང་གྲུབ་འབྲས་ཞེས་པའི་མིང་དེ་མཉམ་དུ་འདོན་སྐབས་སྒྲ་ཤུགས་ཆུང་དུ་ཕྱིན་ནས་གསར་ཞེས་པའི་ཡི་གེ་དེའི་རྗེས་འཇུག་ར་ཡི་སྒྲ་གསལ་པོ་མི་འདོན་པར་འགྱུར་ཞེས་པའི་ཡི་གེ་དེའི་འ་ཡིག་གི་སྒྲ་གསལ་པོར་འདོན་དགོས་ཀྱང་མ་ཤེས་པ་ཁག་ཅིག་གིས་གསར་དང་འགྱུར་གྱི་ཡི་གེ་འདི་གཉིས་པོའི་བར་ལ་འབྲེལ་བ་གང་ཡང་མེད་པ་ཇི་བཞིན་འདོན་གྱི་ཡོད། ཡང་གྲུབ་འབྲས་ཞེས་པའི་མིང་ཚིག་འདིར་མཚོན་ན་གྲུབ་ཞེས་པ་འདིའི་རྗེས་འཇུག་བ་ཡིག་ནི་མོ་ཡིག་ཡིན་པ་དང་། འབྲས་ཞེས་པའི་ཡི་གེ་འདིའི་སྔོན་འཇུག་ཀྱང་སྒྲ་ཅུང་ཞན་པའི་མོ་ཡིག་ཡིན་སྟབས་གྲུབ་དང་འབྲས་ཞེས་པའི་ཡི་གེ་འདི་གཉིས་མཉམ་དུ་འདོན་སྐབས་སྒྲ་ཞན་དུ་ཕྱིན་ནས་གྲུབ་ཞེས་པའི་རྗེས་འཇུག་བ་ཡིག་དེ་ཤིན་ཏུ་མོ་ཡིན་པའི་རྗེས་འཇུག་མ་ཡིག་གི་སྒྲ་འདོན་དགོས། གཞན་ཡང་སྙན་སྒྲོན་བྱེད་པའི་བརྒྱུད་རིམ་ནང་ཡུལ་སྐད་ཤུགས་ཆེ་དྲགས་རྒྱུ་མེད་པར། སྤྱི་སྐད་ཀྱི་སྒྲ་གདངས་བཞིན་ཚད་ལྡན་དུ་ཀློག་དགོས། ཕ་ཡུལ་གཙང་ཕྱོགས་ནས་ཡིན་མཁན་ཚོས། དཔལ་འབྱོར་ལ་དཔའ་འབྱོར་ཞེས་ཀློག་པ་དང་། རྒྱལ་དམངས་ལ་རྒྱ་དམངས་ཞེས་ཀློག་པ། མཇལ་འཕྲད་ལ་མཇའ་འཕྲད་ཅེས་ཀློག་པ། རྒྱལ་པོ་ལ་རྒྱ་པོ་ཞེས་ཀློག་པ། ཀྲུང་གོ་ལ་ཀྲོང་གོ་ཞེས་ཀློག་པ་སོགས་ཀྱི་སྐྱོན་དེ་དག་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་ཡོད་པས་གཟབ་དགོས། ཡང་། ཕ་ཡུལ་ལྷོ་ཁ་ནས་ཡིན་པའི་སྙན་སྒྲོན་པ་ཞིག་ཡིན་ན། བག་ལེབ་དང་བ་ཕྱུགས་སོགས་ཀྱི་བ་སྒྲ་དེ་རླུང་ཕྱི་ལ་འདོན་པའི་སྒྲ་འདོན་དགོས་ཀྱང་། རྦ་ཞེས་ཀློག་པ་དང་། མིང་གཞིའི་མོ་ཡིག་ག་ཇ་ད་བ་བཞི་ལ་སྔོན་འཇུག་དང་རྗེས་འཇུག མགོ་ཅན། འདོགས་ཅན་བཅས་ཞུགས་ཀྱང་མི་ཞུགས་པའི་སྒྲ་འདོན་པ་དང་། མ་ཞུགས་ཀྱང་ཞུགས་པའི་སྒྲ་འདོན་པ། དཔེར་ན། གྱོན་གོས་ལ་རྒྱོན་གོས་དང་། གངས་རི་ལ་སྒང་རི། གོས་ཐུང་ལ་རྒུ་ཐུང་། གྱེན་ཐུར་ལ་རྒྱེན་ཐུར། གྱ་གྱུ་ལ་རྒྱ་རྒྱུ། བྱང་ཆུབ་ལ་འབྱང་ཆུབ། བྱ་ཐབས་ལ་རྗ་ཐབས། ད་ཐེངས་ལ་རྡ་ཐེངས། དག་ཞིང་ལ་བདག་ཞིང་། བག་ཆགས་ལ་འབག་ཆགས། བོན་པོ་ལ་འབོན་པོ་སོགས་བརྡ་སྤྲོད་ཀྱི་གཞུང་དང་མ་མཐུན་པའི་སྒྲ་འདོན་སྟངས་མ་དག་རྒྱུན་འབྱམས་སུ་སོང་བའི་ཉེན་ཁ་ཡོད།

    ཡང་སྙན་སྒྲོན་པས་གཅོད་མཚམས་ནོར་ནས་བཀླགས་ཏེ་བཞད་གད་ཀྱི་རྒྱུར་འགྱུར་བ་དཔེར་ན། བདུད་རྩི་རིལ་བུ་ཞེས་པ་ཀློག་སྐབས་གཅོད་མཚམས་ནོར་ནས་བདུད་ཅེས་ཡར་བཅད་པ་དང་། རྩི་རིལ་བུ་ཞེས་མར་བཅད་ནས་འདོན་པ་དང་། ཡང་རྡུལ་ཕྲ་རབ་ཅེས་པ་ཀློག་སྐབས་རྡུལ་ཞེས་པ་ཡར་བཅད་ནས་ཀློག་དགོས་ཀྱང་མ་བཅད་པར་རྡུལ་ཕྲ་ཞེས་མཉམ་དུ་འདོན་པ། ཡང་དཔེར་ན། སྐུ་ཉིད་ལ་སྨན་པའི་བདེ་ཐང་ཤེས་བྱ་ཞེས་པའི་སྐད་ཆ་དུམ་བུ་དེ་ཀློག་སྐབས་སྐུ་ཉིད་ལ་ཞེས་པ་དང་སྨན་པའི་ཞེས་པའི་མིང་ཚིག་འདི་གཉིས་མཐུད་ནས་ཀློག་དགོས་ཀྱང་སྙན་སྒྲོན་པ་ལ་ལས་ཡི་གེ་འདི་གཉིས་ཁ་ཕྲལ་ནས་སྐུ་ཉིད་ལ་ཞེས་བཀླགས་པའི་རྗེས་ངལ་ཅུང་ཟད་གསོས་ནས་སྨན་པའི་ཞེས་པའི་མིང་ཚིག་འདི་ཀློག་གི་ཡོད་པས་ཉན་པ་པོས་གོ་བ་ཡང་དག་ལོན་རྒྱུར་སྐྱོན་རྒྱག་གི་ཡོད།

    ནོར་སྐྱོན་དེ་དག་ཇི་ལྟར་སེལ་ཚུལ་བརྗོད་པ།

    ནོར་སྐྱོན་དེ་དག་སེལ་དགོས་ན་གཅིག་ནས་སྙན་སྒྲོན་པ་རང་ངོས་ནས་སེམས་ཆུང་གིས་སྙན་སྒྲོན་པ་དང་གཙོ་སྐྱོང་པ་རྒན་རབས་རྣམས་ལ་བཀའ་འདྲི་ཞུ་དགོས་པ་དང་། ཕྱོགས་གཞན་ནས་རང་ཉིད་ཀྱི་བོད་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་ཆེད་སློབ་སྦྱོང་ཧུར་ཐག་བྱེད་དགོས། ལྷག་པར་དུ་སྙན་སྒྲོན་པ་དང་གཙོ་སྐྱོང་བ་རྣམས་ཀྱིས་རྒྱུན་གཏན་གྱི་ལས་ཀའི་ཐོག་སློབ་སྦྱོང་བྱེད་པ་ཕུད། ད་དུང་དུས་ཚོད་བེད་སྤྱད་ནས་སུམ་རྟགས་དག་གསུམ་དང་སྙན་ངག་ལ་སོགས་པས་མཚོན་པའི་རིག་གཞུང་ལ་སྦྱངས་པ་བྱས་ན་སྐྱོན་དེ་དག་རིམ་བཞིན་སེལ་ཐུབ་པ་མ་ཟད། རང་ཉིད་ཀྱི་སྙན་སྒྲོན་ཞུ་སྟངས་དང་གཙོ་སྐྱོང་བྱེད་སྟངས་ཐད་ལའང་ཡར་རྒྱས་ཆེན་པོ་ཡོང་ངེས།

    གཞན་ཡང་སྙན་སྒྲོན་པ་དང་གཙོ་སྐྱོང་བ་རྒན་རབས་རྣམས་ཀྱིས་སྙན་སྒྲོན་བྱས་པའི་ལེ་ཚན་ལ་མང་ཙམ་ཉན་ནས་རང་ཉིད་ཀྱིས་ཀློག་འདོན་བྱེད་སྟངས་དང་མི་མཐུན་པ་དང་མི་འདྲ་ས་ཡོད་པ་རྣམས་ཤེས་པ་བྱས་ཏེ་དེའི་རྒྱུ་མཚན་ལ་བསམ་བློ་གཏོང་བ་དང་བཀའ་འདྲི་ཞུ་བ་སོགས་བྱས་ནས་རང་ཉིད་ཀྱི་སྙན་སྒྲོན་ཆུ་ཚད་རིམ་བཞིན་ཡར་རྒྱས་གཏོང་དགོས། དེ་བཞིན་མང་ཚོགས་ཀྱི་སྐད་ཆ་དང་གཏམ་གླེང་ལ་མང་ཙམ་ཉན་པ་དང་། དོ་སྣང་མང་ཙམ་བྱས་ནས་ཐ་སྙད་གསར་པ་དག་སྤྱོད་སྐབས། མང་ཚོགས་ཀྱིས་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་རིགས་དག་རང་སོར་བཞག་ནས་མུ་མཐུད་བེད་སྤྱོད་དགོས།

    མདོར་ན་སྙན་སྒྲོན་པ་དང་གཙོ་སྐྱོང་བ་ཚོས་དུས་རྒྱུན་ནས་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཉེ་འཁོར་གྱི་མཁས་དབང་རྣམས་ལ་བཀའ་འདྲི་ཞུ་བ་ནི་སྙན་སྒྲོན་བྱེད་པའི་ཁྲོད་མི་འདང་བའི་སྐྱོན་ཆ་སེལ་བའི་ཐབས་ལམ་ལེགས་ཤོས་དེ་ཡིན་སྙམ།

    (ལྷ་ས་གྲོང་ཁྱེར་སྨྱན་སྦྱོར་མཉམ་འབྲེལ་ལྟེ་གནས་ཀྱི་བདེ་སྐྱིད་དཔལ་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།