དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་ཡིག་སྒྱུར་ལས་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་སྒྱུར་སྐོར་ལ་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-17

    སྤྱིར་སྤྱི་ཚོགས་སྤྱོད་ཡིག་ཅེས་པ་ནི་སྤྱི་ཚོགས་ཐོག་དམངས་ཡོངས་ལ་ཁ་གཏད་དེ་བེད་སྤྱོད་བྱེད་པའི་བོད་རྒྱ་ཡིག་རིགས་གཉིས་ལ་གོ་ཞིང་། དེའི་ནང་ཚགས་པར་དང་དུས་དེབ།དཔེ་དེབ་སོགས་དཔེ་སྐྲུན་དངོས་པོའི་ཐོག་གི་སྤྱོད་ཡིག་དང་། སྲིད་འཛིན་བཀའ་རྒྱ། གཞུང་ཡིག་ གཞུང་ཐམ། ཚོགས་འདུའི་མིང་བྱང་སྟེང་གི་སྤྱོད་ཡིག འཛིན་ཡིག ཚོང་ཟོག་གི་མིང་། ཚོང་རྟགས། ཚོང་རྫས་གསལ་བཤད། བརྡ་ཁྱབ་བཅས་ཀྱི་སྤྱོད་ཡིག་དང་། ལས་ཁུངས། ཁེ་ལས་དང་བྱ་བཞག་ཚན་པ། ཚོགས་པ་བཅས་ཀྱི་མིང་གི་སྤྱོད་ཡིག འབབ་ཚུགས་དང་འགྲོ་ལམ། ས་ཚིགས། ཐང་ཆེན། ཁྲོམ་གཞུང་སོགས་ལམ་བྱང་གི་སྤྱོད་ཡིག་སོགས་ལས་གཞན་ད་དུང་ཐུན་མོང་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་སྤྱི་ཚོགས་སྤྱོད་ཡིག་ཁག་བཅས་ཚུད་ཡོད། འདིར་ཁོ་མོས་རང་གི་ལས་དོན་དངོས་ཁྲོད་འཕྲད་མྱོང་བའི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་གནད་དོན་འགའ་དཔེ་གཞིར་བྱས་ནས་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་སྒྱུར་སྐོར་ལ་རགས་ཙམ་གླེང་ཁུལ་བྱ།

    དང་པོ། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་སྒྱུར་ཁྲོད་ལྷག་པའི་གནད་དོན་ཅི་རིགས།

    དེ་ཡང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་ནས་བཟུང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བོད་སྐད་ཡིག་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་དོ་ཁུར་ཚད་མེད་བྱས་པས་སྔ་རྗེས་སུ་<<བོད་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་འགའ་ཞིག་(ཚོད་ལྟའི་ལག་བསྟར)>><<གྲོང་ཁྱེར་ལྷ་སའི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)>>སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་ཡོངས་བསྒྲགས་ལག་བསྟར་བྱས་པས་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཡོད་མོད། འོན་ཀྱང་དེང་གི་དུས་འདིར་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་རིན་ཐང་མ་རྟོགས་པའམ་ཡང་ན་ངོས་འཛིན་མི་གསལ་བ་དང་ལོ་ཙྰ་བའི་འགན་འཁུར་གྱི་འདུ་ཤེས་ཞན་པ། དེ་བཞིན་ཐ་སྙད་གསར་པ་དབྱར་གྱི་ཤ་མོ་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བཞིན་ཡོད་པས་དེ་དག་འཕྲལ་མར་གཅིག་གྱུར་མ་བྱུང་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་སྒོ་བྱང་དང་ལམ་བྱང་། ཚོང་རྟགས་སོགས་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཐད་ཡིག་ནོར་དང་སྒྱུར་ནོར། ཤད་ནོར་བ། སྒྲ་སྒྱུར་སྤྱོད་ཡིག་ནོར་བ། དོན་ཆད་པ། གཅིག་གྱུར་བརྡ་ཆད་མི་སྤྱོད་པ་སོགས་སྣང་ཚུལ་སྣ་ཚོགས་མཐོང་རྒྱུ་ཡོད་པ་དེ་དག་ཆ་འཕྲིན་ཅན་གྱི་དུས་རབས་འདིར་དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་མཐོང་མུས་མཆིས། དཔེར་ན། 吉隆大道ལ་སྐྲིད་གྲོང་ལམ་ཆེན་དང་定日ལ་དང་རི། 白朗ལ་དཔའ་རྣམ། 昌都ལ་ཆབ་མད་སོགས་ལམ་བྱང་ཡིག་ནོར་དང་ལམ་བྱང་ཡི་གེ་བྲིས་ཆད་པའི་སྣང་ཚུལ་དང་། ཡང་藏热南路ལ་བོད་རྭ་ལྷོ་ལམ་དང་柳梧大道ལ་ལིའུ་ལམ་ཆེན། 类乌齐ལ་རིའུ་ཨུའུ་ཆི། 门巴乡ལ་ལྷ་རི་རྫོང་། 中国梦ལ་ཀྲུང་གོའི་རྨི་ལམ། 牦牛奶ལ་གཡག་གི་འོ་མ། 卖手表ལ་དུས་ཚོད་བཙོང་ས། TCL王牌ལ་TCLརྒྱལ་རྟགས་དང་། དེ་བཞིན་免费对外开放ལ་ངས་བཤམས་མཛོད་ཁང་རིན་མེད་ངང་གཟིགས་སྐོར་གནང་རྒྱུ་ཡིན་ལྟ་བུ་དང་། 建设美丽幸福西藏 共圆伟大复兴梦想ལ་མཚོན་བཀྲའི་ལྒང་བཞུ་བསྒྲོགས་ནས་ལོ་གསར་བསུ། ནུས་སེམས་གཅིག་ཏུ་བསྒྲིལ་ནས་ལེའུ་གསར་རྩོམ་ཞེས་པ་ལྟ་བུ་སོགས་ལམ་བྱང་དང་སྒོ་བྱང་། ཚོང་རྟགས། འཕྲེད་ཡིག་ལ་སོགས་པའི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་སྒྱུར་ཁྲོད་སྒྲ་སྒྱུར་དང་ཐད་སྒྱུར་བྱས་དྲག་པ་དང་སྒྱུར་ལོག་པ། གཅིག་གྱུར་བརྡ་ཆད་མི་སྤྱོད་པ་བཅས་ཀྱི་སྣང་ཚུལ་ཧ་ཅང་མང་པོ་ཞིག་མཐོང་དང་མཐོང་མུས་ཡིན་པས་དེ་དག་གིས་གཅིག་ནས་རང་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་ལ་གནོད་པ་དང་གཉིས་ནས་རིག་གནས་འབྲེལ་འདྲིས་ལ་གནོད་པ། གསུམ་ནས་སྤྱི་ཚོགས་འཚོ་བ་དང་གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་གཏོད་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་མ་ཟད། ལྷག་པར་དུ་བོད་ཁུལ་ལ་མཚོན་ན། དེས་སྤྱི་ཚོགས་ཐོག་གོ་འཛོལ་འབྱུང་སླ་ལ། སྤྱི་ཚོགས་བརྟན་ལྷིང་ལ་བརྡབ་སིག་ཀྱང་བཟོ་སྲིད། དེས་ན། བོད་སྐད་ཡིག་གི་ལས་དོན་གཉེར་མཁན་ཚང་མས་མ་སྐུལ་དང་བླངས་ངང་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    གཉིས་པ། བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡོང་ཐབས་སྐོར།

    གཅིག ལོ་ཙཱ་བར་འགན་འཁུར་གྱི་བསམ་བློ་ལྡན་དགོས་པ། 

    སྤྱིར་སྤྱི་ཚོགས་སྤྱོད་ཡིག་ལས་རྒྱལ་ཁབ་ཤིག་དང་མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་དང་ཤེས་དཔལ་ཡར་ཐོན་གྱི་གཟུགས་བརྙན་མངོན་མཚོན་ཐུབ་ལ། སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡིན་མིན་ལས་ས་ཆ་གང་དེའི་ལོ་ཙྰ་བའི་འགན་འཁུར་གྱི་བསམ་བློ་དང་ཆུ་ཚད་མཐོ་དམན་ཡང་ཚོད་དཔག་ཐུབ་པས། ལོ་ཙྰ་བ་ཞིག་ཡིན་ཕྱིན་སྐད་རིགས་གཉིས་ཀྱི་བྱང་ཚད་གཙོར་བྱས་པའི་རིག་ཚན་སྣ་ཚོགས་ཀྱི་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་འཛོམས་དགོས་པ་གང་ཞིག་གཟབ་ནན་ཏན་ཏིག་དང་ཧུར་ཐག་འབད་ཐག་གིས་འགན་འཁུར་བསམ་བློ་ཡང་དག་ཅིག་ལྡན་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་ཡང་རྒྱུན་ལྡན་གྱི་ཡིག་སྒྱུར་ཁྲོད་སྒྱུར་ཆད་པ་དང་ལྷག་པ། དེ་བཞིན་སྒྱུར་ལོག་པ་སོགས་ཀྱི་གནད་དོན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་ལོ་ཙྰ་བའི་རིག་གནས་ཆུ་ཚད་དམའ་བ་ཁོ་ན་མ་ཡིན་པར་ལོ་ཙྰ་བར་འགན་འཁུར་གྱི་བསམ་བློ་ཞན་པའི་རྐྱེན་གྱིས་དེ་ལྟར་བྱུང་བས་ངེས་པར་དུ་འགན་འཁུར་གྱི་བསམ་བློ་ཡང་དག་ཅིག་ལྡན་དགོས།

    གཉིས། ཐ་སྙད་གཅིག་གྱུར་ཡོང་ཐབས་ལ་འབད་དགོས་པ།

    དེང་གི་ཆར་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བ་དང་བསྟུན་བྱ་དངོས་གསར་པ་་གྲངས་ལས་འདས་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དང་ཆབས་ཅིག ཐ་སྙད་གསར་པའང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཐོན་གྱི་ཡོད་པས་ཐ་སྙད་དེ་དག་གཅིག་གྱུར་དང་ཚད་ལྡན་ཡོང་བ་བྱས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གོ་བ་ཙམ་གྱིས་ནང་དོན་གསལ་པོར་རྟོགས་ཐུབ་པ་གང་ཞིག་སེམས་ལ་བག་ཆགས་གང་ཙམ་འཇོག་ཐུབ་པ་བྱེད་རྒྱུ་ནི་ལོ་ཙཱ་བ་ཡོངས་ཀྱི་དོར་ཐབས་མེད་པའི་ཀྱི་ལས་འགན་ཞིག་ཡིན། རྒྱུན་གཏན་འཚོ་བའི་ནང་ཡིག་སྒྱུར་ལས་དོན་ཁྲོད་མ་གཞི་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་ཐ་སྙད་གསར་པ་བཀས་བཅད་དང་ཚད་ལྡན་བཟོས་ཡོད་ནའང་། ཚན་པ་དང་མི་སོ་སོའི་འདོད་ཚུལ་ལམ་ཡང་ན་ལྟ་བ་མི་འདྲ་བས་ཐ་སྙད་གཅིག་གྱུར་དེ་ཙམ་ཡོང་གི་མེད་རྐྱེན་དངོས་པོ་གཅིག་ལ་མིང་མང་པོ་འདོགས་པའི་སྣང་ཚུལ་ཐོན་པས་མང་ཚོགས་ཁྲོད་གོ་བརྡ་མི་འཕྲོད་པར་སླར་ཡང་སྐད་སྒྱུར་བྱེད་དགོས་པའི་སྣང་ཚུལ་ཐོན་གྱི་ཡོད། དེར་བརྟེན་ཡིག་སྒྱུར་ལས་དོན་ཁྲོད་ཐ་སྙད་བཀས་བཅད་དང་ཚད་ལྡན་ཡོང་བ་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པས་ཚན་པ་སོ་སོ་དང་ལོ་ཙཱ་བ་ཚོས་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཐ་སྙད་བཀས་བཅད་ཇི་ལྟར་མཛད་པ་དེ་ལྟར་གཅིག་གྱུར་དུ་བཀོལ་སྤྱོད་བྱས་ན་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་སྒྱུར་ཚད་ལྡན་ཡོང་བར་ནུས་པ་ཆེན་པོ་ཐོན་ཐུབ། ལྷག་དོན་དུ་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ཁྲོད། རྒྱལ་ཁབ་ཀྱི་མིང་དང་ས་མིང་། མི་མིང་དག་སྒྲ་སྒྱུར་བྱེད་དུས་གཙོ་བོ་<<རྒྱ་བོད་ཤན་སྦྱར་ཚི་མཛོད་ཆེན་མོའི་>>མཇུག་ཏུ་ཡོད་པའི་རྒྱ་བོད་སྒྲ་གདངས་ཤན་སྦྱར་གྱི་རེའུ་མིག་ལྟར་སྒྱུར་ན་ཀུན་གྱིས་གོ་ཐུབ་ལ་གཅིག་གྱུར་ཡོང་བའི་དགེ་མཚན་ཡང་ལྡན་ནོ་སྙམ།

    གསུམ། དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ།

    བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་རིན་ཐང་དང་གལ་ཆེའི་རང་བཞིན་ལ་ངེས་ཤེས་ཐུབ་པའིང་རྨང་གཞིའི་ཐོག་དེའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱབ་ན་གཞི་ནས་སྤྱི་ཚོགས་ཐོག་གྲུབ་འབྲས་བཟང་པོ་ཞིག་ཐོབ་ངེས་རེད། དེ་ཡང་ཉེ་བའི་ལོའི་རིང་། རིམ་ཁག་གི་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་(རྩོམ་སྒྱུར་ཅུད་)ཀྱིས་འགན་འཁུར་འོག རང་ལྗོངས་སུ་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ནང་གི་ཡིག་ནོར་དང་ཚད་མིན་གནད་དོན་ཁག་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ་དེས་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུར་ནུས་པ་ངེས་ཅན་ཞིག་ཐོན་ཡོད་མོད། འོན་ཀྱང་བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་དང་ལྟ་སྐུལ་ཐད་ལ་ད་དུང་ཡང་ཤུགས་སྣོན་རྒྱག་དགོས་པས་རིམ་ཁག་གི་འབྲེལ་ཡོད་ལས་ཁུངས་ཡོད་དོ་ཅོག་གིས་རང་སོ་སོའི་ཁྱབ་ཁོངས་ནང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཆེད་གཟབ་ནན་གྱིས་ལྟ་སྐུལ་དང་དེ་ལུགས་ཀྱི་འགྲིག་ལམ་བཟོས་ནས་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་ཡོང་རྒྱུར་ནུས་པ་འདོན་སྤེལ་བྱེད་དགོས།

    བཞི། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ།

    བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་བཟོ་རྒྱུ་ནི་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་འབྲེལ་བ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ལྡན་ཡོད་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་འབྲེལ་བ་དམ་ཟབ་ལྡན་ཡོད་ལ། རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུ་འབྲེལ་བ་ལྡན་ཁར།  དེས་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་།  མི་རིགས་ཕན་ཚུན་སྤེལ་རེས་འགྲོ་འོང་ལ་སྐུལ་འདེད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱལ་ཡོངས་དང་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཤིན་ཏུ་ཟབ་མོ་ལྡན་ཡོད་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཐ་སྙད་གསར་པ་གཅིག་གྱུར་དང་བཀས་བཅད་བྱས་པ་རྣམས་ཚགས་པར་དང་དུས་དེབ་སོགས་སུ་འགོད་པས་དེ་དག་དུས་ཐོག་ཏུ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ལ་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ཚད་ལྡན་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་བཀོལ་སྤྱོད་བྱེད་རྒྱུའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་འབད་དགོས།

    མདོར་ན། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ནི་དམངས་ཡོངས་ལ་ཁ་གཏད་དེ་བེད་སྤྱོད་བྱེད་པའི་ཡིག་རིགས་ཤིག་ཡིན་པས་ལོ་ཙྰ་བ་ཀུན་གྱིས་ཡིག་སྒྱུར་བྱེད་སྐབས་ལུང་པ་རེ་ལ་སྐད་ལུགས་རེ་དང་བླ་མ་རེ་ལ་ཆོས་ལུགས་རེ་ཞེས་པ་ལྟར་མ་ཡིན་པར་བོད་མིའི་སྐད་སྲོལ་ལ་ཡོད་ཅིང་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པའི་ཚད་ལྡན་ཡིག་སྐད་ཞིག་ཏུ་བསྒྱུར་རྒྱུར་འབད་འབུངས་བྱས་ཚེ། ད་གཟོད་ཀློག་པ་པོ་ཚོས་དོན་གོ་ཐུབ་ལ་རྟོགས་ཀྱང་ཐུབ་ངེས།

    (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ལྷག་པ་བུ་ཁྲིད།)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།