དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅།། དྲེལ་གྱི་སྐྱིན་ཚབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-16

    སྣེ་གདོང་རྒྱལ་པོས་ཉི་ཆོས་བཟང་པོ་ལམ་ཐག་ལེ་དབར་བརྒྱའི་སར་དོན་དག་གལ་ཆེན་ཞིག་སྒྲུབ་པར་བཏང་ནས་ཉིན་དེ་རང་ལ་ཕྱིར་ལོག་དགོས་ཞེས་བརྗོད། ཉི་ཆོས་བཟང་པོས་དེ་ནི་ཆེད་མངགས་མི་ལ་དཀའ་ལས་ཁག་པོ་བཟོས་པ་ཞིག་རེད་སྙམ་ནས། རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་མཁྱེན་གསལ་ལྟར་ང་ཡི་རྐང་པ་ནད་པ་ཡིན་པས་རྐང་པ་ཐང་ཐང་གིས་ཀྱང་ལམ་ཐག་རིང་པོ་དེ་འདྲར་ཉིན་ལོག་བྱེད་ཐུབ་པ་ཁག་པོ་རེད་ཅེས་ཞུས་པར། རྒྱལ་པོ་ཤིན་ཏུ་ཁྲོས་ནས། དེ་ཐག་ཇི་ལྟར་རིང་ཡང་གང་ལྟར་ཉིན་ལོག་བྱེད་དགོས་ཞེས་བཀའ་ཕབ།

    དེས་ན་ཉི་ཆོས་བཟང་པོས། ལགས་སོ། ལགས་སོ་ཞེས་ཞུས་ནས་སེམས་ལ་སྟ་རེ་རྡོ་ལ་བཞུས་ན་སྐུ་གྱོང་ལྕགས་ལ་ཕོག་ཟེར་བའི་དཔེ་ལྟར་རེད་བསམས་ནས་ད་རེས་ཡང་བསྐྱར་སེམས་གནག་ཅིག་བྱེད་དགོས་སྙམ་སྟེ་ཇི་ལྟར་བྱེད་མིན་ལ་བསམ་བློ་བཏང་། དེ་ནས་ཉི་ཆོས་བཟང་པོས་རྒྱལ་པོར། གལ་ཏེ་ཡིན་གཅིག་མིན་གཅིག་ང་འགྲོ་དགོས་ན་རྒྱལ་པོའི་ཆིབས་དྲེལ་དེ་ང་ལ་གཡར་རོགས་གནང་། དེ་འདྲ་བྱས་ན་རྒྱལ་པོའི་སྐུ་དོན་ལ་སྐྱོན་ཡོང་གི་མ་རེད་ཅེས་ཞུས། རྒྱལ་པོས་རྣམ་ཀུན་བཞོན་དྲེལ་དེ་སྲོག་ལས་གཅེས་པ་བྱེད་ཀྱི་ཡོད་ཀྱང་ད་ལམ་དོན་དག་གལ་ཆེ་བས་བཞོན་དྲེལ་དེ་ཉི་ཆོས་བཟང་པོར་མི་གཡར་ཀ་མེད་བྱུང་སྟེ་ཉི་ཆོས་བཟང་པོར། བཞོན་དྲེལ་ཁྱོད་ལ་གཡར་ཆོག འོན་ཀྱང་རྐུ་ལ་ཤོར་བའམ་བརླགས་སོང་ན་མི་འགྲིག་ཅེས་བཤད་པས། ཉི་ཆོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། གལ་ཏེ་རྐུ་ལ་ཤོར་བའམ་བརླགས་ན་ཇི་ལྟར་བྱེད་དགོས་སམ་ཞེས་དྲིས་པར། རྒྱལ་པོས། རྐུ་ལ་ཤོར་བའམ་བརླགས་ན་ངེས་པར་དུ་སྐྱིན་ཚབ་སྤྲོད་དགོས་པར་མ་ཟད། དེ་བས་རྩ་འགངས་ཆེ་བའི་དངོས་པོས་སྐྱིན་ཚབ་འཇལ་དགོས་ཞེས་བཤད། ཉི་ཆོས་བཟང་པོས་དེ་འཕྲལ། ལགས་སོ་ཞེས་ཞུས་ནས་དྲེལ་ལ་བཞོན་ཏེ་དོན་དག་སྒྲུབ་པར་ཐོན། ཕྱིར་ལོག་པའི་ལམ་བར་དུ་ཆུ་བོ་ཞིག་བརྒལ་རྗེས་བཞོན་དྲེལ་དེ་མི་གཞན་ལ་བཙོངས་ནས་དངུལ་རྣམས་རང་ཉིད་ཀྱིས་ཉར།

    ཁྱིམ་དུ་སླེབས་སྐབས་ས་རུབ་ཟིན་ཞིང་། ཉི་ཆོས་བཟང་པོས་རང་ཉིད་ཀྱི་གྱོན་པ་རྣམས་ཆུ་ལ་སྦངས་ནས་གྱོན་ཏེ་ཆུ་རལ་འཛར་འཛར་ངང་རྒྱལ་པོའི་དྲུང་དུ་བཅར། རྒྱལ་པོས་ཉི་ཆོས་བཟང་པོ་སླེབས་པ་མཐོང་འཕྲལ། བཞོན་དྲེལ་གང་དུ་ཡོད་ཅེས་དྲིས་པར། ཉི་ཆོས་བཟང་པོས་གོས་ཀྱི་ཆུ་བཙིར་བཞིན་དུ། ལམ་བར་དུ་ཆུ་བོ་བརྒལ་དགོས་པས་ཚུར་ལམ་ཆུ་རྒལ་སྐབས་ཆུའི་དཀྱིལ་དུ་བཞོན་དྲེལ་ཚིགས་བུད་ནས་ང་ཆུ་ནང་དུ་དབྱུགས་པ་དང་བཞོན་དྲེལ་ཆུས་ཁྱེར་ནས་འཇུ་ཐབས་མ་བྱུང་། སྟབས་ལེགས་པ་ཞིག་ལ་ང་རང་ཆུས་མ་ཁྱེར་ཙམ་བྱུང་ཞེས་ཞུས།

    རྒྱལ་པོ་ཁོང་ཁྲོ་ལངས་ནས་སྐད་ཤུགས་ཆེན་པོས། ཁ་ཚུམས་ཤིག ཁྱོད་ཀྱིས་མ་རུང་བ་ཞིག་བྱས་པ་ཐག་གིས་ཆོད་ཅེས་བཤད་པར། ཉི་ཆོས་བཟང་པོས། ཨ་ཙི། རྒྱལ་པོ་རིན་པོ་ཆེ། བཞོན་དྲེལ་ཆུ་རྒལ་དུས་ཚིགས་བུད་དེ་ཆུས་ཁྱེར་བ་ལས་ང་ལ་ལན་ཁག་གང་ཡང་མེད་ཅེས་བཤད། རྒྱལ་པོའི་བསམ་པར་ཡང་ཉི་ཆོས་བཟང་པོར་ལན་ཁག་མི་འདུག འོན་ཀྱང་རྩིས་མ་བརྒྱབ་པར་རང་དགར་བཞག་ན་མི་འགྲིག་བསམས་ནས་ཉི་ཆོས་བཟང་པོར། གང་ལྟར་གང་འདྲ་བཤད་རུང་ཁྱོད་ཀྱིས་དྲེལ་གྱི་སྐྱོན་ཚབ་སྤྲོད་དགོས་པ་དེ་སྔ་ས་ནས་ཁ་དན་ཡོད་ཅེས་བཤད། ཉི་ཆོས་བཟང་པོས། ལགས་སོ། རྒྱལ་པོ་རིན་པོ་ཆེ་ཞེས་ཞུས་ནས་རང་ཁྱིམ་དུ་ལོག་རྗེས་གནས་ཚུལ་རྣམས་རང་གི་ཕ་ལ་བཤད་ནས་གྲོས་བྱས།

    དེའི་ཕྱི་ཉིན་རྒྱལ་པོ་ཕྱི་ལ་འཆམ་འཆམ་བྱེད་པར་འགྲོ་སྐབས་མགོ་བོ་དུང་ལྟར་དཀར་བའི་རྒད་པོ་ཞིག་གིས་ལུས་སྟོབས་རྒྱས་པའི་གཞོན་པ་ཞིག་སྒལ་པར་ཁུར་ནས་ཡོང་བ་མཐོང་། ཞིབ་པར་ལྟ་སྐབས་དེ་ནི་ཉི་ཆོས་བཟང་པོའི་ཕས་ཉི་ཆོས་བཟང་པོ་སྒལ་པར་འཁུར་བཞིན་ཡོང་བ་ཤེས། རྒྱལ་པོ་ཁོང་ཁྲོ་ལངས་ནས། གུས་ཞབས་མེད་པའི་ལས་ཀ་འདི་འདྲ་ཅི་རེད་ཅེས་གཤེ་གཤེ་བཏང་བར། ཉི་ཆོས་བཟང་པོས་སྨྲ་བ་དལ་པོའི་ངང་། ང་རྐང་པ་ན་བས་ཕས་སྒལ་པར་ཁྱེར་ནས་སྨན་པ་ཞིག་འཚོལ་བར་འགྲོ་རྩིས་ཡོད་ཅེས་བཤད། རྒྱལ་པོས་མིག་འབུར་ཚུགས་སུ་བལྟས་ནས། ཁ་ནས་ཐོན་གསུམ་བཅོ་བརྒྱད་མ་ཤོད། འཛམ་གླིང་ན་དངོས་པོ་ཁྲི་སྟོང་མང་པོ་ཡོད་ཀྱང་། ཕ་ལས་རྩ་ཆེ་བ་ཞིག་མེད་པས། རྐང་པ་ན་རུང་འདི་འདྲ་བྱས་ན་ག་ལ་འགྲིག་ཅེས་བཤད། ཉི་ཆོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། ཐུགས་བདེན་ཐུགས་བདེན་ཞེས་བཤད་ནས་པ་ཕའི་སྒལ་པ་ནས་བབས་ཏེ་མཉམ་དུ་སོང་།

    དེའི་ཕྱི་ཉིན་ཉི་ཆོས་བཟང་པོས་བོང་བུ་ཞིག་ཁྲིད་ནས་རྒྱལ་པོའི་གམ་དུ་ཕྱིན་ཞིང་། རྒྱལ་པོས། ཁྱོད་ཀྱིས་བོང་བུ་ཁྲིད་ཡོང་ནས་ཅི་བྱེད་ཅེས་དྲིས་པར། ཉི་ཆོས་བཟང་པོས། རྒྱལ་པོའི་བཞོན་དྲེལ་གྱི་ཚབ་འབུལ་བར་བཅར་བ་ཡིན་ཞེས་ཞུས་པར། རྒྱལ་པོ་སླར་ཡང་ཁོང་ཁྲོ་ལངས་ནས། ཁྱོད་ཀྱིས་ཅི་ཞིག་ཤོད་ཀྱི་ཡོད་དམ་ཞེས་དྲིས། ཉི་ཆོས་བཟང་པོས། རྒྱལ་པོས་ང་ལ་བཞོན་དྲེལ་ལས་ཀྱང་རྩ་ཆེ་བའི་དངོས་པོ་ཞིག་སྐྱིན་ཚབ་ཏུ་སྤྲོད་དགོས་གསུངས་བྱུང་། ངས་བསམ་བློ་ཡང་ཡང་བཏང་མཐར་དྲེལ་ལས་རྩ་ཆེ་བ་ནི་བོང་བུ་རེད་འདུག གང་ལགས་ཟེར་ན། བོང་བུ་ནི་དྲེལ་གྱི་པ་ཕ་རེད། རྒྱལ་པོས་གསུངས་པ་ལྟར་འཇིག་རྟེན་ན་དངོས་པོ་ཁྲི་སྟོང་མང་པོ་ཡོད་ཀྱང་ཕ་ལས་རྩ་ཆེ་བ་ཞིག་མེད་པས། ངས་བོང་བུ་འདི་དྲེལ་གྱི་སྐྱིན་ཚབ་ཏུ་ཕུལ་ན་ཡག་ཤོས་རེད་སྙམ། རྒྱལ་པོ་རིན་པོ་ཆེ། ཞལ་དན་ཚིག་ལ་གནས་པ་གནང་རོགས་ཞེས་ཞུས་པར། རྒྱལ་པོ་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་བོང་བུ་དེ་མི་ལེན་ཐབས་མེད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།