དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • 《ཝུན་གྲོང》བོད་འགྱུར་ལག་ལེན་ལས་འཕྲོས་ཏེ་བརྩམས་སྒྲུང་གི་བརྗོད་པ་སྒྱུར་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-14

    བརྗོད་པ་ནི་མི་ཕན་ཚུན་དབར་ལ་གཏམ་གླེང་དང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བརྡ་སྤྲོད་པར་མཁོ་བའི་སྐད་ཆའི་རྣམ་པ་གཙོ་བོ་ཞིག་ཡིན་པས། འདིའི་ལོ་ཙཱ་ཡང་དག་བྱེད་རྒྱུ་ནི་བརྗོད་དོན་ལ་ཆད་ལྷག་འཁྲུལ་གསུམ་མེད་པར་མཚོན་ཐུབ་པར་བྱེད་པའི་རྩ་བའི་རྨང་གཞི་དེ་ཡིན། འདིར་གུས་མོ་རང་གི་བོད་འགྱུར་བརྩམས་ཆོས《ཝུན་གྲོང》ཞེས་པའི་ནང་དོན་གཙོ་བོར་བྱས་ཏེ། བརྩམས་སྒྲུང་ནང་ཁྱབ་ཆེ་བའི་མི་སྣའི་སྐད་ཆ་དང་། གཏམ་དཔེ། གླུ་ཚིག་བཅས་གསུམ་གྱི་སྟེང་ནས་བརྗོད་པ་སྒྱུར་ཚུལ་གླེང་བར་བྱའོ།

    གཅིག མི་སྣའི་སྐད་ཆ་སྒྱུར་ཚུལ།

    བརྩམས་སྒྲུང་ཞིག་གི་ངོས་ནས་བཤད་ན། མི་སྣའི་སྣང་བརྙན་ཞིབ་འབྲི་བྱ་རྒྱུ་ནི་བརྩམས་སྒྲུང་གི་རྨང་གཞི་དང་ཐོག་མའི་ལས་ཀ་དེ་ཡིན་པས། མི་སྣའི་སྣང་བརྙན་གྱི་ཞིབ་འབྲི་ཕུན་སུམ་ཚོགས་མིན་ནི་བརྩམས་སྒྲུང་ཁྱོན་ཡོངས་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། སྤྱིར་མི་སྣའི་སྣང་བརྙན་ཞིབ་འབྲི་བྱེད་པར་མི་སྣའི་ཕྱིའི་རྣམ་པ་དང་དེའི་གཤིས་ཀ་སོགས་ཐད་ཀར་བཀོད་ནས་ཞིབ་འབྲི་བྱེད་ཐབས་ཤིག་དང་མི་སྣའི་ཁ་བརྡ་དང་བྱ་སྤྱོད་སོགས་ཞིབ་འབྲི་བྱས་པ་བརྒྱུད་མི་སྣའི་སྣང་བརྙན་མཚོན་ཐབས་བྱེད་པ་བཅས་ཁག་གཉིས་ཡོད། ཐབས་ཤེས་འདི་གཉིས་ལས་ཕྱི་མ་ནི་ཐད་ཀ་ཐད་སོར་རང་ཤེད་ཚ་པོ་ཡོད། སྙིང་རྗེ་པོ་ཡོད་ཅེས་ཚིག་སྐམ་པོ་བཤད་པ་ལས་ཀྱང་ནུས་པ་ཆེ་བ་ཡོད་ཅིང་། དེས་བརྩམས་སྒྲུང་གི་མི་སྣའི་གཤིས་ཀ་དང་དེ་བཞིན་འཚོ་བ་དང་མི་ཚེར་འཛིན་པའི་ལྟ་བ་སོགས་འབུར་དུ་མཚོན་ཐུབ་པས། མི་སྣའི་ཁ་བརྡ་ནི་བརྩམས་སྒྲུང་ལ་མེད་དུ་མི་རུང་བ་ཞིག་ཡིན།

    བརྩམས་སྒྲུང་ནང་གི་མི་སྣའི་སྐད་ཆ་ཡིག་སྒྱུར་བྱེད་སྐབས་བུ་ཡིག་དེ་ངེས་པར་དུ་ཁ་གསལ་ལ་གོ་བདེ་བ། ཁ་སྐད་ཀྱི་རང་བཞིན་ལྡན་པ་ཞིག་དགོས་ཏེ། རྒན་རང་སྒྲས། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཕན་ཚུན་དབར་ཁ་བརྡ་བྱེད་སྐབས་དགོས་མེད་ཀྱི་སྐད་ཆ་རྣམས་བསྡུས་ཏེ་གཏན་ཚིགས་དང་མི་འགལ་ཞིང་བརྗོད་དོན་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་གོ་ཐུབ་པའི་སྐད་ཆ་བཀོལ་རྒྱུ་དེ་དགོས་གལ་ཧ་ཅང་ཆེ་ཞེས་གསུངས་པ་ལྟར་རོ། དེ་ཡང་དཔེར་ན། ཝུན་གྲོང་ཞེས་པའི་བརྩམས་སྒྲུང་གི་མ་ཡིག་ཏུ། “老子先用子弹崩了你们这几个狼心狗肺的。”ཞེས་པ་བུ་ཡིག་ཏུ། “སྔོན་ལ་ངས་མི་ངན་ཁྱེད་ཚོ་མདེལ་ཆར་འོག་ནས་དམྱལ་བ་མཐོང་བ་གཅིག་བཟོས་གོ”ཞེས་བསྒྱུར་ཡོད། “狼心狗肺”ཞེས་པ་ཁ་སྐད་དུ་གོ་བདེ་བ་དང་མ་ཡིག་གི་སྔ་ཕྱིའི་བསྟན་དོན་དང་མཐུན་པའི་ཆེད་དུ་མི་ངན་ཞེས་པར་བསྒྱུར་བ་དང་། མེ་མདའ་དེ་ནི་དངོས་སུ་བརྒྱབ་པ་མ་ཡིན་པར་ཁོས་ཁ་ཤོབ་བཤད་པ་ཞིག་ཡིན་པས“子弹”དེ་མདེལ་ཆར་དུ་བསྒྱུར་ན་མ་ཡིག་གི་ནང་དོན་ལ་གནོད་པ་མེད་པའི་ཁར་མདེའུ་འཕེན་པའི་བྱ་བ་དེ་གསོན་ཉམས་དོད་པོས་མཚོན་པར་བྱས་ཏེ་བརྩམས་སྒྲུང་གི་སྒྱུ་རྩལ་རྣམ་པ་གོང་མཐོར་གཏོང་ཐུབ་སྙམ། དེ་ནས“崩了”ཞེས་པ་དེ“དམྱལ་བ་མཐོང་བ་གཅིག་བཟོས་གོ”ཞེས་བསྒྱུར་ན། གོ་བདེ་བ་དང་ཁ་སྐད་ཀྱི་རང་བཞིན་ཡོད་དགོས་ཟེར་བའི་མི་སྣའི་གཏམ་གླེང་གི་ལོ་ཙཱའི་སྐབས་ཀྱི་ཆ་རྐྱེན་དེ་ཡང་ཚང་ངོ་།

    གཉིས། གཏམ་དཔེ་སྒྱུར་ཚུལ།

    གཏམ་དཔེ་ནི་མི་རྣམས་ཀྱིས་དུས་ཡུན་རིང་པོའི་འཚོ་བའི་ཁྲོད་དུ་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལས་བྱུང་བའི་ངག་ཐོག་རྩོམ་རིག་ཅིག་ཡིན་ཞིང་། དེ་ནི་མངོན་བརྗོད་དང་ཚིག་རྒྱན་སོགས་ཀྱིས་མ་བཅིངས་པར་ཁ་སྐད་ཀྱི་རྣམ་པར་གནས་ཡོད་པ་མ་ཟད། མི་རྣམས་ཀྱིས་གཏམ་གླེང་ཁྲོད་དུ་གང་བདེར་བེད་སྤྱོད་བྱེད་པ་ཞིག་ཡིན། དེ་ཡང་འཚོ་བའི་ཁོར་ཡུག་མི་གཅིག་པའི་དབང་གིས་གཏམ་དཔེ་ལ་ཡང་ཁྱད་པར་ཡོད་སྲིད་དེ། རྒན་མིག་དམར་ལགས་ཀྱིས། དམངས་ཁྲོད་ཀྱི་གཏམ་དཔེར་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་སྟེ། གཏམ་དཔེ་ནི་མི་རིགས་སོ་སོའི་བསམ་བློའི་འདུ་ཤེས་དང་རིག་གནས་ལ་གཞིགས་ཏེ་སྤྱི་ཚོགས་ཀྱི་འཚོ་བའི་གནས་ལུགས་དང་བྱ་དངོས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་སྟབས། རྩོམ་གྱི་རྒྱུ་ཆ་བདམས་སྒྲིག་དང་མཚོན་ཐབས་བཅས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་དགོས་ཞེས་གཏམ་དཔེ་ལ་མི་རིགས་རང་བཞིན་ལྡན་ཡོད་པ་གསུངས་པས། མི་རིགས་མི་གཅིག་པ་གཉིས་ཀྱི་དུས་ཡུན་རིང་པོའི་འཚོ་བ་ལས་བྱུང་བའི་གཏམ་དཔེ་དག་ལོ་ཙཱ་བྱེད་སྐབས། དེའི་འབྱུང་ཁུངས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱབ་ལྗོངས་ལ་གོ་བ་ལེགས་པར་བླངས་ནས་ནང་དོན་མི་འཁྲུལ་བར་བསྒྱུར་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།

    དེ་ཡང་དཔེར་ན་གོང་དུ་བཤད་པའི“狼心狗肺”ལྟ་བུར་མཚོན་ན། “狼心狗肺”ནི་བོད་སྐད་དུ་དྲིན་ལན་ལོག་འཇལ་ཟེར་བ་དང་དོན་འདྲ་པོ་ཡོད་ཅིང་། ཚིག་ངོས་ལྟར་ན་ཁྱིའི་གློ་བ་དང་སྤྱང་ཀིའི་སྙིང་ཞེས་པ་ལས་དོན་གཞན་སྟོན་རྒྱུ་མེད། འོན་ཀྱང་བོད་སྐད་དུ་སྤྱང་ཀི་སྒོ་ཁྱིར་གསོས་ན་དྲིན་ལན་ལོག་འཇལ་བྱས་ཡོང་ཞེས་དང་དྲིན་ལ་དྲིན་ལན་མ་འཇལ་ན། བསམ་ཤེས་མེད་པའི་ཁྱི་དང་འདྲ་ཞེས་སྤྱང་ཀི་དང་ཁྱི་ནི་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་ནས་འཇལ་མཁན་གྱི་རྣམ་པར་བསྟན་པས། “狼心狗肺”ཞེས་པའི་གཏམ་དཔེ་དེ་བོད་ཀྱི་ཀློག་པ་པོའི་མིག་མདུན་དུ་འཆར་ཡོང་བའི་སྐབས་སུ། ཁོང་ཚོའི་སེམས་ལ་རྒྱའི་རིག་གནས་ནང་དུ་ཡང་ཁྱི་དང་སྤྱང་ཀི་གཉིས་ནི་དྲིན་ལན་ལོག་འཇལ་གྱི་རྣམ་པར་ཡོད་ཀྱི་རེད་སྙམ་པའི་བློ་ཞིག་སྐྱེས་སྲིད་ཀྱང་དོན་དངོས་སུ་འདི་ལྟར་མིན། རྒྱའི་སྐད་དུ“狼心狗肺”ཞེས་པས་དྲིན་ལན་ལོག་འཇལ་གྱི་དོན་སྟོན་ཐུབ་པ་དེ་ནི་སྤྱང་ཀི་དང་ཁྱི་གཉིས་དྲིན་ལན་མ་ཤེས་པ་དང་འབྲེལ་བ་མེད་དེ། འདི་ནི་ཚི་ཧྲེང་བྱ་བའི་གཞོན་ནུ་ཞིག་གིས་སྤྱང་ཀི་དང་ཁྱི་རོ་སོ་སོ་ནས་སྙིང་དང་གློ་བ་བཏོན་ཏེ་མི་རོ་ཞིག་གི་ཁོག་ཏུ་བླུགས་རྗེས་ནོར་བུ་ཞིག་ལ་བརྟེན་ནས་མི་དེའི་སྲོག་བསྐྱབས་པ་དང་ཕྱིས་སུ་ཁྱིའི་གློ་བ་དང་སྤྱང་ཀིའི་སྙིང་བྱས་པའི་མི་དེས་ཁོ་རང་ལ་ནོར་བུ་འདི་ཐོབ་པའི་ཆེད་དུ་རང་གི་སྲོག་སྐྱོབ་དྲིན་ཆེན་ཚི་ཧྲེང་ལ་མ་ཉེས་ཁག་གཡོགས་དང་གནོད་འཚེ་མང་པོ་བྱས་ཡོད་པར་བཤད་ཅིང་། དེ་ནས་བཟུང“狼心狗肺”ཞེས་པའི་ཐ་སྙད་དེ་མི་ངན་ཞེ་གནག་ཅན་དང་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་མཚོན་བྱེད་དུ་སྤྱོད་ཀྱི་ཡོད། མ་གཞི་གཏམ་དཔེའི་གོ་བ་ལེན་སྟངས་ལ་འཁྲུལ་བ་བྱུང་ཡང་མཐར་མ་ཡིག་གི“狼心狗肺”ཞེས་པའི་བསྟན་དོན་དང་བོད་དུ་སྤྱང་ཀི་དང་ཁྱིར་འཛིན་པའི་ངོས་འཛིན་གཉིས་གཅིག་མཚུངས་བྱུང་ནས་སྤྱིའི་བསྟན་དོན་ལ་གནོད་སྐྱོན་བྱུང་མེད། གཞན་དཔེར་ན། “舍不得孩子套不住狼“ལྟ་བུ་མ་ཡིག་ལ་རྒྱུས་མངའ་ལེགས་པར་མ་བྱས་ན། “孩子”ཞེས་པ་ཕྲུ་གུར་གོ་ནས་སྤྱང་ཀི་འཛིན་པར་ཕྲུ་གུ་བློས་གཏོང་དགོས་ལྟ་བུ་བཞད་གད་ཀྱི་རྒྱུ་རུ་འགྲོ་བས། མ་ཡིག་གི་བསྟན་དོན་ལ་གསལ་རྟོགས་ལེགས་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

    གསུམ། གླུ་ཚིག་སྒྱུར་ཚུལ།

    གླུ་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་ཀྱི་བློ་གྲོས་དང་ཉམས་མྱོང་སོགས་ལ་བརྟེན་ནས་འཚོ་བ་དངོས་ནང་དུ་བྱུང་བའི་མི་རིགས་རང་བཞིན་གྱི་རིག་གནས་སྒྱུ་རྩལ་ཞིག་ཡིན། བརྩམས་སྒྲུང་ནང་གླུ་ཚིག་བཀོད་འབྲི་བྱས་ཚེ། བརྩམས་སྒྲུང་གི་ནང་དོན་དེ་བས་གསོན་ཉམས་ལྡན་པར་མཚོན་ཐུབ་པ་མ་ཟད། རྩོམ་གྱི་བདེན་པའི་རང་བཞིན་ཡང་གོང་མཐོར་གཏོང་ཐུབ་པས། གླུ་ཚིག་གི་ཡིག་སྒྱུར་ཡང་དག་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གླུ་ཚིག་སྒྱུར་ཐབས་ཐད་ལ《ལོ་ཙཱའི་གཞུང་ལུགས་གསར་འགྲེལ》ཞེས་པའི་ནང་། སྙན་མོའི་དབྱངས་རྟར་དྲངས་པའི་ཚིག །བརྩེ་དུང་ཟབ་ཞན་ཆགས་སྡང་དང་། །དྲང་ལྡོག་སྤྱི་ཚོགས་རྣམ་པ་བཅས། །སྡེབ་ལེགས་ཚིག་སྦྱོར་མ་ལུས་བསྒྱུར་ཞེས་གླུ་ཚིག་སྒྱུར་སྐབས་ཕྱིའི་སྤྱི་ཚོགས་ཀྱི་རྣམ་པ་དང་ནང་བསམ་པའི་དགའ་སྐྱོ་ཆགས་སྡང་གི་བརྩེ་དུང་མཚོན་པའི་ཚིག་སྦྱོར་དག་མ་འཁྲུལ་བར་ཇི་བཞིན་དུ་ཕབ་སྒྱུར་བྱེད་དགོས་པ་གསུངས་ཡོད།

    དེ་ཡང་ཝུན་གྲོང་ཞེས་པའི་བརྩམས་སྒྲུང་ནང་གི་གླུ་ཚིག་གཅིག་དཔེ་མཚོན་དུ་བཀོད་ན། མ་ཡིག་ཏུ། “慈悲上帝,保佑一夜,到天明亮,我心感激,主赐饮食,保佑我身,一切喜乐,都出主恩。”ཞེས་པ་བུ་ཡིག་ཏུ། “ཧྲང་ཏི་ཐུགས་ཀྱི་སྙིང་རྗེ་ཅན། མཚན་འདིར་བདག་ལ་མགོན་སྐྱབས་མཛོད། ནམ་ལངས་ཉི་ཤར་དུས་སྐབས་སུ། བདག་གིས་ཁྱེད་ནི་སྙིང་ལ་བཅངས། ཟས་གོས་སྩོལ་མཁན་སྐྱབས་མགོན་ཁྱེད། བདག་ལུས་མགོན་སྐྱབས་མཛད་པ་པོ། དགའ་བ་ཀུན་གྱི་གཞི་འབྱུང་ས། མགོན་ཁྱེད་མིན་པ་སུ་ཞིག་མཆིས”ཞེས་བསྒྱུར་ཡོད། མ་ཡིག་འདི་ནི་ཡེ་ཤུའི་ཆོས་ལུགས་པའི་ལུགས་སྲོལ་ཞིག་ཡིན་ཞིང་། དེ་ཡང་སྔ་དགོང་དང་ཁ་ལག་མ་བཟས་གོང་སོགས་ལ་དབྱངས་ཀྱི་འགྱུར་ཁུག་ཡོད་པའི་ཞལ་འདོན་ལྟ་བུ་ཞིག་འདོན་སྲོལ་ཡོད་པ་དེ་ཡིན། དེའི་ལོ་ཙཱའི་ཐད་མ་ཡིག་ཚིག་རྐང་བརྒྱད་ཡོད་པ་བུ་ཡིག་ཏུ་ཡང་བརྒྱད་དུ་བསྒྱུར་བ་དང་མ་ཡིག་ཚིག་རྐང་རེར་ཡིག་འབྲུ་བཞི་རེ་ཡོད་པ་བུ་ཡིག་ཏུ་ཡིག་འབྲུ་བདུན་ཅན་དུ་བསྒྱུར་ནས་བུ་ཡིག་ཚིག་འགྲོས་དང་བསྟུན་ཏེ་ངག་ལ་བདེ་བར་བྱས་ཡོད།

    མདོར་ན། བརྩམས་སྒྲུང་ནང་གི་བརྗོད་པ་རེ་རེ་ལས་སྤྱིར་མི་རིགས་གང་དེའི་ཤེས་རབ་ཀྱི་ཉིང་བཅུད་མཚོན་པ་དང་། དེའི་ལོ་ཙཱ་ནི་མི་རིགས་ཕན་ཚུན་དབར་གྱི་ཤེས་རིག་སྤེལ་རེས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། བརྗོད་པ་གང་དེ་དང་རིག་གནས་དབར་གྱི་འབྲེལ་བར་རྒྱུས་ལོན་གཏིང་ཟབ་བྱས་ནས་ལོ་ཙཱའི་བྱ་བར་འཇུག་དགོས་པ་ནི་གལ་ཆེ། དེ་ཡང་རྒྱ་བོད་བརྩམས་སྒྲུང་ལོ་ཙཱའི་སྐབས་སུ་སྔོན་ལ་བརྗོད་པ་གང་དེའི་ནང་དོན་དང་འབྱུང་ཁུངས་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་། དེ་ནས་དོན་སྒྱུར་དང་ཐད་སྒྱུར་སོགས་སྒྱུར་ཐབས་འོས་འཚམ་ཞིག་སྤྱད་ནས་མ་ཡིག་གི་བསྟན་དོན་འཁྲུལ་བ་མེད་པར་ཇི་བཞིན་བུ་ཡིག་ནས་མཚོན་ཐུབ་པ་བྱ་དགོས། དེ་ལྟར་བྱུང་ན་བུ་ཡིག་ཀློག་པ་པོས་གོ་བདེ་བར་བསྒྱུར་ཐུབ་པ་མ་ཟད། སྔར་ཡོད་ཀྱི་ཐ་སྙད་ལ་རྒྱུན་འཛིན་དང་བུ་ཡིག་གི་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་ཡང་དགེ་མཚན་ཆེན་པོ་ཐོན་ཐུབ་བོ། (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2020ལོའི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ཤེས་རམས་ཞིབ་འཇུག་སློབ་མ། ལྷ་འཛོམས)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།