དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅།།སྨོན་ཚིག་སེམས་ཀྱི་རང་སྒྲ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་ནོར་རྒྱས།   |     སྤེལ་དུས།  2023-07-09

    ལོ་ཡི་བགྲང་བྱ་དྲུག་ལ། །

    ཤེས་རིག་མེ་ཏོག་བཏུས་ཡོད། །

    གཡུར་ཟའི་གྲུབ་འབྲས་ཐོབ་པའི། །

    བཀྲ་ཤིས་སྨོན་ལམ་བཏབ་ཡོད། །


    ལོ་ཆུང་བྱིས་པའི་འཛུམ་མདངས། །

    དགའ་བའི་གདོང་ལ་བསུས་ནས། །

    གཏམ་བཟང་འབྲུག་སྒྲ་སྙན་པོ། །

    རེ་ཞིང་བསྒུགས་ནས་བསྡད་ཡོད། །


    དྲིན་ཅན་ཕ་མ་བཟང་པོས། །

    རེ་བ་སྟོང་ཕྲག་བཅོལ་ཡོད། །

    ཨ་མའི་སྙིང་གི་ནོར་བུ། །

    གཏམ་བཟང་ཁྱེར་ནས་ལོག་ཤོག །


    དུང་བའི་གྲོགས་པོ་གྲོགས་མོས། །

    སྨོན་ལམ་སྟོང་ཕྲག་བཏབ་ཡོད། །

    བརྒྱ་འདུས་སྟོང་འཛོམས་ཁྲོད་ནས། །

    དཔའ་རྩལ་ངོམས་ནས་འཕུར་ཤོག །


    གངས་ལྗོངས་ཤེས་རིག་བདག་པོ། །

    ན་ཆུང་ཁྱེད་ཚོ་ལོས་ཡིན། །

    གངས་ལྗོངས་འཕེལ་རྒྱས་ཆེད་དུ། །

    ནམ་ཡང་ཤེས་བྱར་འབུངས་རོགས། །


    ཡིག་རྒྱུགས་ཛ་དྲག་ཆེ་ཡང་། །

    སེམས་འཚབ་ཡེ་ནས་མ་བྱེད། །

    བརྩོན་པས་དཀའ་བ་སྤྱད་ན། །

    གཡུར་ཟའི་འབྲས་བུ་ལོས་ལེན། །


    ཞོགས་པའི་ཉི་གཞོན་འདྲ་བའི། །

    ལོ་ཆུང་བྱིས་པའི་ཚོགས་རྣམས། །

    ཤེས་རིག་སྦྲང་རྩི་འཐུང་བཞིན། །

    ལང་ཚོའི་ཁོ་ལག་རྒྱས་ཤོག །


    ཡིག་རྒྱུགས་ཡིག་རྒྱུགས་ཟེར་ཡང་། །

    སྦྱངས་འབྲས་གཅིག་པུ་མ་རེད། །

    ཕ་མའི་རེ་འདོད་ཡོད་ཚད། །

    འགྲུབ་པའི་ཤུགས་ཤིག་རྒྱག་རོགས། །


    ཕ་མ་དགའ་པོ་བྱུང་ན། །

    ཕ་མའི་དྲིན་ལན་འདི་རེད། །

    ཕ་མའི་གཅེས་ཕྲུག་རྣམ་པས། །

    དྲིན་བྱས་དྲིན་དུ་སོམས་ཤིག །


    མཆོད་ཆང་སྦྲང་རྩིའི་ཉིང་ཁུ། །

    ཁྱེད་ཚོར་བཏེགས་ནས་སྒུག་ཡོད། །

    མ་འོངས་ལོ་ཟླའི་ནང་ལ། །

    ཡ་རབས་སྤྱོད་བཟང་མ་འདོར། །


    ང་རང་དགེ་རྒན་ཞིག་གི །

    མིང་བྱང་འཁུར་བ་ཡིན་ཙང་། །

    སེམས་པའི་བར་སྣང་དབྱིངས་ནས། །

    སེམས་ཁྲལ་མང་པོ་ལོས་ཡོད། །


    སྨོན་ཚིག་སེམས་ཀྱི་རི་མོ། །

    མ་བྲིས་ལག་ནས་ཐལ་སོང་། །

    ཅི་བསམ་ལྷུན་གྱིས་གྲུབ་ན། །

    བུ་ངའི་བསམ་དོན་འདི་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།