དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅།།སྟེས་དབང་དབེན་པའི་སྨུག་སྤྲིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སོར་གདུབ།   |     སྤེལ་དུས།  2023-07-09

    རི་ཆུའི་བ་གམ་བརྩེགས་པའི་ཕོ་བྲང་དུ། །

    གངས་ནགས་མཚོ་སྤང་ནོར་བུའི་ཡན་ལག་ཚང་། །

    ཤིང་འབྲས་མེ་ཏོག་འདབ་ལོའི་ཉིང་ལག་རྒྱས། །

    བྱ་བྱིའུ་རི་དྭགས་སྣ་མང་གཏན་དུ་འཁོར། །


    རི་བོ་ཕ་གིའི་འདབས་ན་ཤིང་ཁང་ཞིག །

    ཕང་ཕུང་ནགས་དང་ན་བུན་ཀློང་ན་འགྲེང་། །

    བདག་ནི་ཚུར་ཁའི་ལྡེབས་ཀྱི་ཕ་བོང་ཁར། །

    སྦུབས་མའི་འཕྲེད་གླིང་ལྷང་ལྷང་འབུད་ཀྱིན་ཡོད། །


    དེ་ནས་ཨེན་ཙམ་འགོར་རྗེས་སྨིག་རྒྱུའི་གྲོང་། །

    དུ་སྤྲིན་ཡལ་བའི་ཟོལ་གྱིས་མཐོང་ལམ་གསལ། །

    ཨེ་མ་ལང་ཚོས་སྙེམ་པའི་བུ་མོ་ཞིག །

    དབེན་པའི་ཁང་ཆུང་དེ་ནས་ཕྱིར་ལ་ཐོན། །


    དགའ་སྤྲོའི་ཨུཏྤལ་བསྟར་བའི་མགུལ་རྒྱན་འཆང་། །

    བྱམས་བརྩེའི་འཛུམ་ཆུང་མུ་ཏིག་ཚེམས་ཕྲེང་བཏཌ། །

    དུང་ཞེན་ལྷ་རྫས་ཡང་འཇམ་ཤམ་གོས་གཡོ། །

    མིའམ་ལྷ་མོ་གང་ཡིན་འཕྱང་མོ་ཉུག །


    ཕལ་ཆེར་གླིང་བུའི་སྒྲ་དེ་ཐོས་པ་འདྲ། །

    གང་ཞིག་འཚོལ་བ་ལྟ་བུས་ཡང་ཡང་བལྟས། །

    དེ་མར་ང་ཡི་སེམས་པ་ཅུང་ཙམ་འཚབ། །

    སླར་ཡང་རེ་དོགས་ང་རོའི་འཕར་རྩ་ལྡིང་། །


    དེ་ནས་ཉི་མ་ཆུ་ལྷར་གཟིམ་པར་ཕེབས། །

    སྐར་ཚོགས་འུག་པའི་དཔུང་གྲོཌ་གཉིད་ལས་ལངས། །

    ཟླ་བས་པི་ཝང་དཀྲོལ་བཞིན་ག་ལེར་འཕགས། །

    འོད་ཟེར་དབྱངས་ཀྱི་ཟེགས་མ་མི་ཡུལ་བཏབ། །


    ཟླ་འོད་ང་ལ་མཚོན་ན་འདྲེན་བྱེད་ཡིན། །

    མཚན་ཡང་བུ་མོའི་གཟིམ་ཆུང་ཡང་དུ་མཐོང་། །

    སྟོང་བསམ་ཁྲུང་ཁྲུང་དཀར་མོའི་བྱ་ཁྱུ་དག །

    སེམས་བྱུང་མཚོ་མཐའི་ངོགས་ནས་འཕུར་ན་ཆོག །


    སྐྱ་རེངས་ཐ་མ་ཡལ་བའི་དུས་ཚོད་ལ། །

    བགྲང་འདས་མེ་ཏོག་བསྐྱེད་པའི་དོ་ར་ནས། །

    གྲེ་བའི་རྩ་མདུད་བཀྲོལ་ནས་ཡང་ཡང་བོས། །

    ཚུར་ལ་ཕེབས་ནས་གླུ་ལོངས་ཟེར་བ་འདྲ། །


    ཁོ་མོས་བསྐུལ་མ་དེ་ཡིས་ཉིད་ཀྱི་ཡིད། །

    རླུང་གིས་མཚོ་མོ་སྐྱོམ་པའི་ཟླ་ལ་ཞུགས། །

    གླུ་ཡི་འཇིངས་སུ་དར་ལྕོག་ཚུགས་ཞེས་པས། །

    ཟླ་འོད་བསིལ་མས་ཡི་དྭགས་སྲེག་པ་བཞིན། །


    གཟིམ་ཆུང་གྲུ་ཡི་སྟེང་ལ་ཁྱོ་ཤུག་ཚུལ། །

    བསྡད་ནས་འཚོ་བའི་རྒྱ་མཚོའི་ངོགས་ལ་ནི། །

    འཁོར་བའི་སྙིང་བོའི་ནོར་བུ་མ་ལོན་ཡང་། །

    སེམས་པ་སེམས་ཀྱིས་ཤེས་ཡོད་བུ་མོ་ལགས། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།