དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཚོ་བའི་མྱོང་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2023-07-09

    གཅིག

    ང་རང་སྐྱེས་མ་ཐག་ཏུ་ངུ་སྒྲ་ཙམ་ལས་འདོན་མི་ཤེས་པའི་བྱིས་པ་བསམ་མེད་དམར་འབྱར་ཞིག་ནས། ད་ནི་ལོ་གྲངས་ལྔ་བཅུ་ཡོལ་བའི་རྒས་གཉེར་ཆེ་ལ་སྐྲ་དཀར་མང་བའི་མི་རྒན་ཞིག་ཏུ་གྱུར་ཟིན། མི་ལོ་ལྔ་བཅུ་ཞེས་པའི་ཐ་སྙད་འདི་རྣ་བའི་བུ་གར་ལྷུངས་མ་ཐག སྤྱོད་ཡུན་རིང་བས་དྲེག་པ་ཆགས་ཤིང་ཟད་དྲད་ཐོན་པའི་ཅ་དངོས་རྙིང་པ་ཞིག་ཡིན་སྙམ་པའི་སྣང་བ་ཞིག་འཆར་ཡང་། རང་ཉིད་ཀྱིས་བརྒྱུད་པའི་མི་ཚེའི་ལམ་བུར་བསམས་ན། ད་དུང་ལམ་མགོ་རྡོག་པས་མནན་ཏེ་ལམ་ཐག་རིང་པོ་མ་སླེབས་པའི་ལམ་འགྲོ་བ་གཅིག་གམ། དཔྱིད་མགོར་མྱུ་གུ་རྒྱས་ཏེ་ད་དུང་འབྲས་བུ་མ་སྨིན་པའི་ལོ་ཏོག་ཅིག་ཡིན་པའི་ཚོར་སྣང་ཞིག་བྱིན་ཏེ། རང་ཉིད་ད་དུང་ཡང་ན་ཚོད་མ་སྨིན་ཞིང་རྩེད་མོར་གཡེང་བའི་ཕྲུ་གུ་ཆུང་ཆུང་ཞིག་གམ། འཇིག་རྟེན་གྱི་གསང་བ་མི་རྟོགས་ཤིང་མི་ཚེའི་ཆོས་ཉིད་ལ་ངེས་ཤེས་མ་རྙེད་པའི་ན་ཆུང་ཞིག་ཏུ་སེམས།

    གཉིས།

    ཆུང་དུས་སུ་མི་རྒན་པའི་ཁ་དབང་མིག་དབང་དང་གཤེ་གཤེ་ཐལ་ལྕག་གི་མདུན་དུ། ག་དུས་ཡིན་ན་ཡང་རང་ཉིད་མགྱོགས་ཙམ་འཚར་ལོངས་ཀྱིས། དཔའ་དང་ཤེད་གང་གི་ཐོག་ནས་ཀྱང་། མི་རྒན་ཚོ་དང་དཔུང་པ་མཉམ་གཤིབ་དང་ཐ་ན་དེ་ལས་ཀྱང་ལྷག་པ་ཞིག་བྱུང་ན་ཅི་མ་རུང་། དེ་ལྟར་ན་ཁོ་ཚོའི་ཐུབ་ཚོད་དང་བརྙས་བཅོས་འཁུར་མི་དགོས་ཨང་སྙམ་ཞིང་། རང་ཉིད་ནས་ཀྱང་སྨ་རར་བྱུག་བྱུག་དང་ཐོད་གཉེར་ལ་བྱིལ་བྱིལ་དང་བཅས། ཡང་ན་སེན་མགོར་སྤུངས་པའི་སྣ་ཐ་སིར་སྒྲ་དང་བཅས་ཤུགས་ཀྱིས་བརྔུབ་ངེས། ཡང་ན་ཁ་ལ་བཅུག་པའི་ཐ་མག་ཤེད་ཀྱིས་འཐེན་གྱིན། མཚམས་མཚམས་སུ་ཞག་ཁྲིག་གེར་ཆགས་པའི་ཇ་ཕོར་ནང་གི་ཇ་དེ་འཐུང་ཞོར། མཐའ་ལ་འཁོར་བའི་ཕྲུ་གུ་ཆུང་ཆུང་ཚོར། ཕ་མེས་ནས་བརྒྱུད་པའི་ལྷ་སྒྲུང་འདྲ་བའི་གཏམ་རྒྱུད་ཅིག་གམ། རང་གི་མི་ཚེའི་གྲུ་ཟུར་གང་རུང་ནས་རྙེད་པའི་མྱོང་བ་གང་ཞིག་གླེང་ཆོག་སྙམ། གང་ཡིན་ཟེར་ན་དེ་དག་ཚང་མ་ནི། ནར་མ་སོན་ཞིང་འཇིག་རྟེན་གྱི་བློ་མིག་ཕྲ་བའི་ང་ཚོ་བྱིས་པ་ཚོའི་མིག་ལམ་དུ། ཉམས་དང་ལྡན་ལ་སྤོབས་སེམས་སྐྱེ་འོས་པའི་བྱ་བ་ཆེན་པོ་ཤ་སྟག་རེད།

    གསུམ།

    སློབ་གྲྭའི་སྒོ་མོ་འགྲིམ་རྗེས་བཤེས་གཉེན་དམ་པའི་བཀའ་དྲིན་གྱིས་ཤེས་རྨོངས་ཀྱི་བློ་མིག་ཡོངས་སུ་ཕྱེ་སྟེ། འཇིག་རྟེན་དང་འཛམ་གླིང་ཟེར་དུས། རང་ཉིད་འཚོ་སའི་ཡུལ་ཁམས་ཆུང་ཆུང་དེ་དང་། རང་གིས་རྐང་པ་སྤོ་སའི་ལམ་བུ་ཕྲ་མོ་དེ་ཙམ་མིན་པར། མཐའ་ཡས་སྟོང་ཉིད་ལྟ་བུའི་ནམ་མཁའ་སྔོན་པོ་འདིའི་འོག་ཏུ། ཁ་དོག་དང་སྐད་རིགས་མི་གཅིག་པའི་མི་རིགས་དང་། གཟུགས་བྱད་དང་སྤུ་མདོག་མི་མཚུངས་ཤིང་། གནས་ཡུལ་དང་འཚོ་ཐབས་མི་འདྲ་བའི་སྐྱེ་བོ་གྲངས་མེད་ཅིག་ཡོད་པ་རྟོགས་དུས། བསམ་པ་དང་ཤེས་པ་བསིལ་རླུང་དང་འགྲོགས་པའི་དགུང་སྔོན་མཐོངས་ཀྱི་སྤྲིན་དཀར་དང་འདྲ་བར། མངོན་སུམ་དང་འཆར་ཡན་གྱི་རི་ཀླུང་དང་ས་མཐའ་མང་པོ་སྐོར་བཞིན། རང་གི་དད་སེམས་ཆེ་བའི་ལས་རིགས་སམ་མི་སྣ་སྟེ། དམག་ལྭ་ལྗང་ཁུ་གྱོན་ཞིང་རྒྱབ་ཏུ་མེ་མདའ་ཐོགས་པའི་བཅིངས་འགྲོལ་དམག་གམ། གྱོན་པ་སྔོན་པོ་གྱོན་ཞིང་ཞྭ་མོ་དཀར་པོ་གྱོན་པའི་ཉེན་རྟོག་པ། ཡང་ན་སློབ་ཁྲིད་སྡིངས་ཆར་ལངས་ཏེ། ཤེས་རིག་ནོར་བུའི་མཛོད་ཁང་ཆེན་པོའི་སྒོ་མོ་ཡངས་པོར་ཕྱེ་ནས། སྔ་དེང་དང་ཀྲུང་ཕྱི། སྐད་ཡིག་དང་རྩིས་རིག་སོགས་ཀྱི་ཤེས་བྱ་དང་། འཇིག་རྟེན་གྱི་གནས་ལུགས་ཚང་མ་རྟོགས་ཤིང་། སྦྲང་ཆར་གྱི་ཚུལ་དུ་འཇོ་བར་བྱེད་པའི་དགེ་བའི་བཤེས་གཉེན། ཡང་ན་ལུས་ཀུན་ལ་དཀར་དཀར་ལྷ་རྗེའི་ལས་གོས་བཀླུབས་ཤིང་། ཞལ་ལ་དཀར་གཙང་ཁ་རས་དང་། སྤྱན་ལ་དྭངས་གསལ་སྤྱན་ཤེལ་བཞེས་ལ། མིག་གིས་ལྟ་ཐེངས་གཅིག་དང་རྣ་བས་ཉན་ཐེངས་གཅིག་ལ། ཉམས་ཆུང་ནད་པ་མང་པོའི་སེམས་སྡུག་རང་སར་ཞི་ཞིང་། གྲངས་མེད་ནད་པ་མང་པོ་གཤིན་རྗེའི་ཁ་ནས་སྐྱོབ་པར་བྲེལ་བའི་སྨན་པ་དེ་ཚོ་ཡིན་ན་བསམས།

    བཞི།

    ཕ་ཡུལ་ལས་བྲལ་རྗེས་མི་རིགས་མི་གཅིག་པའི་སློབ་མ་མང་པོ་དང་མཉམ་དུ་སློབ་ཆེན་གྱི་འཚོ་བར་རོལ་དུས། ལྟ་རྒྱ་དང་མཐོང་རྒྱ་རིམ་གྱིས་ཆེ་རུ་སོང་བ་དང་བསྟུན་ནས། ཆུང་དུས་སུ་སེམས་ཁམས་ཀྱི་འཇིག་རྟེན་མཛེས་པར་བྱེད་པའི། འཇའ་ཚོན་འདྲ་བའི་ཕུགས་འདུན་གྱི་མཛེས་རིས་མང་པོ་རིམ་གྱིས་ཡལ་ཞིང་། མིག་གིས་མཐོང་ཕྱོགས་དང་རྣ་བས་ཐོས་ཚུལ། སེམས་ལ་བསམ་ཕྱོགས་དང་ཡིད་ལ་དྲན་ཚུལ་གསར་པ་མང་པོ་བྱུང་བ་དང་བསྟུན་ཏེ། བསམ་པའི་ཞིང་སའི་ཕུགས་འདུན་གྱི་ས་བོན་གསར་པར་སྐྱེས་སྟོབས་ཀྱི་དཔལ་འབར་ཏེ། རང་ཉིད་རྩོམ་རིག་ལ་ཞེན་ཞིང་དུངས་པའི་དབང་གིས། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ཁྱུ་མཆོག་མང་པོའི་ཕུལ་བྱུང་རྩོམ་རིག་ལ་མཇལ་འགོ་ཚུགས། སེམས་ཀྱི་གཏིང་སར། ཤིག་སེ་པེ་ཡ་དང་ཐོར་སེ་ཐེ། ཡུས་ཀོ ཧོ་མ། ཀོ་ཏེ། ཕུ་ཞི་ཅིན། ཨོ་ཧོང་ལི། ལུའུ་ཞུན་ལ་སོགས་པའི་མཁས་དབང་མང་པོའི་གཟུགས་བརྙན་བཞེངས་ཤིང་། རང་ཉིད་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུའི་རིག་གནས་ཀྱི་རྨང་གཞི་བརྟན་པ་དང་། རྩོམ་རིག་གི་ཁོ་ལག་ཡངས་པའི་རྩོམ་མཁན་ཞིག་ལ་གྱུར་ནས། ཀུན་གྱི་སེམས་ཁམས་སུ་བག་ཆགས་ཟབ་པའི་བརྩམས་ཆོས་མང་ཙམ་རྩོམ་ཐུབ་ན་ཅི་མ་རུང་སྙམ།

    ལྔ།

    སློབ་གྲྭ་ནས་མཐར་ཕྱིན་ཏེ་འཇིག་རྟེན་གྱི་འཚོ་བ་དངོས་སུ་སླེབས་དུས་དང་། ལྷག་པར་དུ་མི་ལོ་ཉི་ཤུ་ལྷག་གིས་མི་ཡུལ་གྱི་ཤུལ་ལམ་འགྲིམས་རྗེས། ད་གཟོད་ཕུགས་བསམ་དང་འཚོ་བ་དངོས་གཉིས་ཀྱི་བར་ལ་ལམ་ཐག་རིང་པོ་ཞིག་ཡོད་པ་གཞི་ནས་རྟོགས། ཕུགས་བསམ་ནི་རྨི་ལམ་ཞིག་དང་འདྲ་བར། རང་སེམས་ལྷོད་ལ་བབས་པའི་དུས་སུ་ག་དུས་ཡིན་ཡང་རྨི་ཆོག་ཀྱང་། ཕུགས་བསམ་མངོན་འགྱུར་བྱེད་པར་བསམ་ཚོད་ལས་འདས་པའི་འབད་བརྩོན་ཆེན་པོ་ཞིག་མ་བྱས་ཚེ། ཕུགས་བསམ་ནི་སྐམ་ས་དང་གྲང་འཁྱགས་ཀྱི་ཁྲོད་དུ་ལུས་པའི་ས་བོན་ཞིག་དང་འདྲ་བར། ནམ་ཡང་མྱུ་གུ་རྒྱས་ཐབས་འབྲལ་ཞིང་། འབྲས་བུ་སྨིན་ཐབས་མེད་ལ། རང་ཉིད་འཚོ་གནས་བྱེད་སའི་འཚོ་བའི་གྲུ་ཟུར་མི་འདྲ་བ་སྟེ། མི་དང་ཁོར་ཡུག བྱ་དངོས་མི་འདྲ་བའི་བག་ཆགས་སྣ་ཚོགས་དབང་གིས། རང་རང་གི་ཕུགས་བསམ་གྱི་མྱུ་གུར། དབྱར་དགུན་སྟོན་དཔྱིད་བཞིན་འགྱུར་བ་ཡོང་བཞིན་པ་དེའང་གསལ་པོར་རྟོགས།

    སྐབས་སྐབས་སུ། ང་ཚོས་སེམས་ཀྱི་གཏིང་སར་དཔྱིད་ཀྱི་མེ་ཏོག་དང་དགུན་གྱི་ཁ་བ་ལྟར། མི་གཙང་ནག་ནོག་གི་གཡའ་དང་བྲལ་བའི་མཛེས་སྡུག་གི་བསམ་འདུན་མང་པོ་ཞིག་ཉར་ཡོད་མོད། དོན་དངོས་ཀྱི་འཚོ་བར། རང་ཉིད་ཀྱི་བསམ་འདུན་དང་ཡོངས་སུ་འགལ་ཏེ། རྐང་ཆུང་གཉིས་པོ་མི་གཙང་གི་ལྗན་ལྗིན་དང་འདམ་རྫབ་ཀྱི་ཁྲོད་དུ་སྤོ་དགོས་དུས། སེམས་ལ་གཞན་གྱིས་རྟོགས་ཐབས་མེད་པའི་ཁུར་པོ་དང་སྡུག་བསྔལ་མང་པོ་ཞིག་མྱོང་ཞིང་། མི་ཡུལ་དང་འཚོ་བ་ཞེས་པ་བསམ་ཚོད་ལྟ་བུའི་མཛེས་པའི་གནས་ཤིག་མིན་ལ། བསམ་འདུན་དང་ཕུགས་བསམ་ཞེས་པ་འཐུ་ཆོག་ཆོག་གི་སྤང་ཁའི་མེ་ཏོག་དང་། ལེན་ཆོག་ཆོག་གི་ལྗོན་པའི་སྟེང་གི་ཤིང་འབྲས་མིན་པ་ཤེས་དུས། རང་གིས་འགྲོ་མྱོང་བའི་ཀྱག་ཀྱོག་གི་ལམ་བུ་དང་། བསམས་ཤིང་རྨི་མྱོང་བའི་ཡིད་དུ་འོང་བའི་རྨི་ལམ་དེ་ཚོར་དགོད་ཁ་རེ་ཡང་འཆོར།

    དྲུག

    ལོ་ཟླའི་མཆོད་རྟེན་རིམ་གྱིས་མཐོན་པོར་བརྩེགས་ཤིང་། ལང་ཚོའི་དར་ལྕོག་ལྷགས་རླུང་གི་ཁྲོད་དུ་ཡ་ང་དང་སྙིང་རྗེ་མེད་པར་རལ་འཐོར་ལ་འགྲོ་དུས། མི་ཚེའི་ཆོས་ཉིད་དང་ཚེ་སྲོག་གི་སྙིང་པོར་མ་བསམས་བཞིན་དུ་གོ་བ་མང་པོ་ཞིག་ལོན་འོངས། མི་ཚེའི་ལམ་དུ་ང་ཚོ་ནི་སྐད་ཅིག་ཙམ་ཡང་མི་ཁོམ་པའི་རྒྱ་ལམ་འགྲུལ་པ་ཡིན་ཞིང་། རིང་ལ་ཐུང་བའི་ཚེ་སྲོག་གི་ལམ་བུ་འདིར། ང་ཚོའི་ལུས་རྒྱབ་དང་སེམས་ཁམས་སུ་ནམ་ཡང་འདོར་ཐབས་མེད་པའི་རྡོག་ཁྲེས་ཆེན་པོ་རེ་ཁུར་ཡོད་པས། མི་ཚེའི་འགྲོ་ལམ་དུ་ང་ཚོ་ནི་ལུས་སེམས་གཉིས་ཀྱི་བདག་པོ་དེ་ཡིན་ལ་བྲན་གཡོག་དེའང་རེད་ཨང་།

    ང་ཚོས་མིག་ཆུ་སྒོམ་ཞིང་སྒྱིད་པ་བསྒྲེངས་ཏེ་མི་ཚེའི་ལམ་བུ་འགྲིམ་དུས། འཚོ་བའི་བར་མཐོངས་དང་ཁུག་སོ་མང་པོ་ཞིག་ནས། མི་མང་པོས་ངེས་འབྱུང་གི་འཁུན་སྒྲ་འབྱིན་ཞིང་། མི་མང་པོས་བཏང་སྙོམས་མིན་པའི་ལས་དབང་ལ་འཁང་ར་བྱེད། ཆུང་ནས་འགྲོགས་ཤིང་གཤིབ་པའི་རྩེད་གྲོགས་དང་ལས་རོགས་མང་པོ། ནམ་གསལ་ནས་སྐར་གྲལ་ཞིག་པའི་ཚུལ་དུ་ཆ་མེད་ས་མཐར་འཁྱམས་ལ། བྱམས་སེམས་དང་བཀའ་དྲིན་ཆེ་བའི་ཕ་མ་དང་བཤེས་གཉེན་སོགས་རྒན་རབས་མང་པོ། སྐར་མདའ་དང་འཇའ་ཚོན་བཞིན་དུ་འཇིག་རྟེན་གཞན་ལ་ཕེབས་དུས། སྐར་མ་རབ་རིབ་མར་མེ་དང་། སྒྱུ་མ་ཟིལ་པ་ཆུ་བུར་དང་། རྨི་ལམ་གློག་དང་སྤྲིན་ལྟ་བུ་ཟེར་བའི་དོན་དེར་ངེས་ཤེས་དྲག་པོ་རེ་སྐྱེས།

    བདུན།

    གང་ལྟར་ཡང་མི་ཚེ་ནི་མི་སྡོད་བཞུར་བཞིན་པའི་ཆུ་མོ་ཞིག་ཡིན་ལ། མི་ཚེ་ནི་འཕེལ་གྲིབ་དུས་བཞིའི་འཆར་ཚུལ་དང་མི་སྙོམས་མཛུབ་མོའི་རིང་ཐུང་ཞིག་རེད། མི་ཚེ་ནི་བཞད་དེ་རྙིད་བཞིན་པའི་མེ་ཏོག་ཅིག་རེད་ལ། མི་ཚེ་ནི་འཆར་ནས་ཡལ་བཞིན་པའི་འཇའ་ཚོན་ཞིག་ཀྱང་རེད། དེ་ལྟར་ན། ཆུང་དུས་སུ་རྩེད་ར་གྲུ་བཞིའི་ནང་དུ་རྐང་རྗེན་དང་ཐ་ན་དམར་ཧྲེང་མར་བགད་བཞིན་རྩེད་བཞིན་པའི་ང་ཚོ། ནམ་ཞིག་སྟོད་གུག་ཅིང་མིག་མི་གསལ་བའི་རྒད་པོ་ཞིག་ལ་འགྱུར་སྲིད་ལ། གཞོན་དུས་སུ་འཇིག་རྟེན་ཧྲིལ་པོ་དབང་དུ་བསྡུ་བར་སྙམ་པའི་དཔའ་དང་བློ་ཁོག་ཆེ་ལ། བསམ་གཞིག་གི་གཤོག་རྩལ་ཡངས་ཤིང་། ཚེ་རིང་དང་དངོས་གྲུབ་སོགས་བཀྲ་ཤིས་རྟེན་འབྲེལ་བཟང་བའི་མིང་སྙན་པོ་རེ་བཏགས་ཀྱང་། ནམ་ཞིག་འདས་པོ་ཞེས་པའི་མིང་དེ་འདྲ་ཞིག་གིས་ཐམས་ཅད་ཀྱི་ཚབ་བྱེད་ངེས། དེས་ན་སྙིང་རུས་ཀྱི་སྡེར་མོ་ས་ལ་བཙུགས་ཤིང་། བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ། མི་ཚེ་གང་པོར་འབད་འབད་འབུངས་འབུངས་མ་བྱས་ཚེ། ཕུགས་འདུན་གྱི་ཞིང་སར་ལོ་ཏོག་གི་འབྲས་བུ་སྨིན་མི་ཐུབ་ཅིང་། སེམས་ཁམས་ཀྱི་རྨི་ལམ་ལ་མཛེས་རིས་ཀྱི་ཁ་དོག་བསྒྲོན་མི་ཐུབ།

    དེ་ནི་ངས་མི་ལོ་ལྔ་བཅུ་ལྷག་ཙམ་འགྲིམས་པའི་མི་ཚེའི་ལམ་བུ་ནས་ཐོབ་པའི་ཉམས་མྱོང་ཞིག་རེད་ལ། དེ་ནི་ངས་འཇིག་རྟེན་འཚོ་བའི་གྲུ་ཟུར་མང་པོར་མྱུལ་བའི་ཚོར་སྣང་ཟབ་མོ་ཞིག་ཀྱང་ངོ། དེས་རྐྱེན་པས་ངས་གང་གི་དུས་སུའང་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས། རྩོམ་རིག་གསར་རྩོམ་གྱི་ལམ་དུ་སྐྱོད་བཞིན་ཡོད་ལ། དེས་རྐྱེན་པས་ངས་འཇིག་རྟེན་མི་ཚེའི་ལམ་ནས་ཐོབ་པའི། མངར་སྐྱུར་འཚོ་བའི་གཏམ་རྒྱུད་རྣམས། དཀར་འཇམ་ཤོག་བུའི་ངོས་སུ་ཕབ་སྟེ། ཕྱིས་འབྱུང་རྗེས་རབས་ཚོ་ལ་དྲན་སྐུལ་ཞུ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།