འཁྲབ་ཚན《གངས་ལྷ་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ》ཡི་གཏམ་རྒྱུད་སྙན་པོ།
ཆོས་ཉིད་ཚེ་རིང་།
ལྟད་མོ་བརྒྱུད་བོད་ཀྱི་རིག་གནས་སྤེལ་ཐུབ་པའི་རེ་བ་བྱེད་པ།
བོད་ལྗོངས་མངའ་རིས་ནས་ཡིན་པའི་འཁྲབ་སྟོན་པ་ཆོས་ཉིད་ཚེ་རིང་གིས་འཁྲབ་ཚན《གངས་ལྷ་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ》ཡི་མི་སྣ་གཙོ་བོ་སྒྲོལ་མ་འཁྲབ་ཡོད། དེ་ནི་འཁྲབ་ཚན་དེ་ནས་ལྟད་མོ་བར་དམིགས་བསལ་གྱི་མྱོང་ཚོར་ཟབ་མོ་སྟེར་ཐུབ་པའི་མི་སྣ་ཞིག་རེད།
ཆོས་ཉིད་ཚེ་རིང་གིས་སྒྲོལ་མ་ནི་བློ་རིག་བཀྲ་བ་དང་། ཁོག་པ་ཆེ་བ། མཛེས་ལ་མཚར་བ། ལས་ལ་བརྩོན་པ། སེམས་རྩ་འཁོལ་བ། ཁྲེལ་གཞུང་ཡོད་པ་བཅས་ཀྱི་བུད་མེད་ཅིག་རེད། དེང་རབས་བོད་ཀྱི་བུད་མེད་ཀྱི་ཁྲོད་དུ་སྲོལ་རྒྱུན་གྱི་ཉམས་འགྱུར་དང་དེང་རབས་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་གཅིག་ཏུ་འདུས་པའི་མིག་ལྟོས་ཡར་འདྲེན་གྱི་མི་སྣ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཆོས་ཉིད་ཚེ་རིང་གིས། སྒྲོལ་མ་ནི་རང་ལ་བསམ་ཚུལ་ཡོད་པ་དང་ཡིན་མིན་ཚིག་ཐག་ཆོད་པའི་བུད་མེད་ཅིག་རེད། འོན་ཀྱང་ཁོ་མོ་གནས་སའི་གྲོང་ཚོ་དེར་ཕྱི་རོལ་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་ཅུང་ཉུང་བས། ཁོ་མོར་བསམ་ཚུལ་མང་པོ་དང་བསམ་ཕྱོགས་བཟང་པོ་ཡོད་ཀྱང་གྲོང་མི་ཚོས་བསམ་ཤེས་བྱེད་ཀྱི་མེད་ལ། ཁོང་གིས་བསམ་བཀོད་བྱས་པའི་དོན་དག་དེ་དག་སྒྲུབ་འདོད་བྱེད་མཁན་དེ་བས་ཀྱང་མེད་ཅེས་བརྗོད།
སྒྲོལ་མའི་ངོས་ནས་བརྗོད་ན། རང་གི་དགའ་རོགས་ལྷག་ཚེ་ནི་གྲོང་ཚོ་འདིར་ཁོ་མོའི་བློ་གཏད་བཅོལ་ས་འབའ་ཞིག་ཡིན་ཞིང་། ལྷག་ཚེ་ཡིས་ག་དུས་ཡིན་ནའང་སྒྲོལ་མར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བོད་སྐྱོར་ལས་བྱེད་པ་ཨོ་དབྱང་ནན་ལ་རོགས་པ་བྱེད་དུས་ལྷག་ཚེ་གློ་བུར་དུ་ཚེ་ལས་འདས། དེའི་རྐྱེན་གྱིས་སྒྲོལ་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ལ། སྒྲོལ་མའི་ཕུགས་བསམ་ཡང་གཅེས་པའི་ལྷག་ཚེ་དང་མཉམ་དུ་གར་སོང་ཆ་མེད་དུ་གྱུར། སྟབས་ལེགས་པ་ཞིག་ལ་ཨོ་དབྱང་ནན་དང་ལི་ཞ་སོགས་བོད་སྐྱོར་ལས་བྱེད་པ་ཁག་གཅིག་སླེབས་པས་བརླགས་ཟིན་པའི་ཕུགས་བསམ་ལ་སླར་ཡང་རེ་བའི་མྱུ་གུ་འབུས། བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་གཞི་ཁྱོན་ཆུང་ཆུང་ནས་འགོ་བཙུགས་ཏེ། གྲོང་རྡལ་ཆུང་ངུ་དེ་ཉིད་འཛུགས་སྐྲུན་བྱས་པས་རིམ་གྱིས་ཇེ་ཡག་ཏུ་སོང་ཡོད། མཐར་སྒྲོལ་མའི་ཕུགས་འདུན་མངོན་དུ་གྱུར་ནས་གངས་ལྗོངས་ས་མཐོར་ཉུང་ཤས་ལས་མེད་པའི་བུད་མེད་ཏུང་ཧྲི་ཀྲང་གི་གྲས་སུ་གྱུར་ནས་ཚང་མའི་སྣེ་ཁྲིད་དེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བའི་ཕུགས་འདུན་གྲུབ་ཡོད།
《གངས་ལྷ་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ》ཡི་ནང་དུ་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་སྔ་འཛིན་ཕྱི་མཐུད་བྱས་ཏེ་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་སྒེར་སེམས་མེད་པའི་བརྩེ་བ་དང་བོད་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་དཀའ་སྡུག་ལ་མི་སྐྲག་པའི་འབད་འཐབ་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཡོད། དེའི་ཐད་ཆོས་ཉིད་ཚེ་རིང་གིས“འཁྲབ་ཚན་འདི་བརྒྱུད་ངས་བོད་སྐྱོར་ལས་དོན་ལ་བློ་སྟོབས་ཆེན་པོ་དགོས་པ་ཤེས་བྱུང་། ངས་བོད་སྐྱོར་ལས་བྱེད་པ་མི་རབས་མང་པོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ས་ཁུལ་དབུལ་པོ་གཞན་དག་གི་མི་རྣམས་ཀྱི་འཚོ་བ་ལེགས་སུ་གཏོང་བར་གུས་བཀུར་ཞུ་གི་ཡིན་ལ། ཁོ་ཚོའི་སྙིང་སྟོབས་ལ་བསྟོད་གླུ་འབུལ་འོས་པ་ཞིག་རེད”ཅེས་བརྗོད།
སྒྲོལ་མ་འབུམ།
གསོན་ཉམས་དོད་ཅིང་ཡིད་ལ་འཐད་པའི་མི་སྣའི་གཟུགས་བརྙན་གཏོད་པ།
བོད་རིགས་འཁྲབ་སྟོན་པ་སྒྲོལ་མ་འབུམ་གྱིས་འཁྲབ་ཚན་འདིར་བུད་མེད་འཁྲབ་མི་གཙོ་བོ་སྒྲོལ་མའི་གཅེན་པོ་དགེ་ལེགས་རྣམ་རྒྱལ་འཁྲབ་ཡོད། ཕ་མ་ཆུང་དུས་ནས་སྐུ་ཚེ་མ་ཟིན་པས་ཁོང་དང་གཅུང་མོ་གཉིས་གཅིག་ཕན་གཅིག་རོགས་བྱས་ནས་འཚོ་བ་བསྐྱལ། དགེ་ལེགས་རྣམ་རྒྱལ་གྱིས་ཨ་ཕ་སྐུ་འཚོ་བཞུགས་སྐབས་ཀྱི་བུ་ལོན་འཇལ་ཆེད་སྔ་བར་ཕྱི་གསུམ་དུ་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ཁོང་གྲོང་ཚོའི་ཙུའུ་ཀྲང་ཡིན་པ་དང་རང་ཉིད་ཀྱི་འབད་བརྩོན་འོག་དུད་ཚང་དབུལ་ཤོས་ནས་མཐར་གྲོང་ཚོའི་ཀྲུའུ་རེན་ལ་གྱུར་ཡོད།
ལོ་10ཡི་གོང་ནས་སྒྲོལ་མ་འབུམ་རྣམ་གྲངས་ཤིག་གི་རྐྱེན་པས་ཉིང་ཁྲིར་ལོ་གཉིས་ཙམ་སྡོད་དགོས་འཁེལ་ཞིང་། ཁོང་དང་གྲོང་ཚོའི་མི་རྣམས་སྤྱིར་ན་རྟག་པར་འཕྲད་ཀྱི་ཡོད་པས་ཚང་མ་འཆམ་པོ་ཡོད་པ་རེད།
སྒྲོལ་མ་འབུམ་གྱིས་སྔོན་མ་དེ་གར་སྡོད་མྱོང་ཡོད་པས་ད་རེས་འཁྲབ་ཚན་ལ་དགེ་ལེགས་རྣམ་རྒྱལ་འཁྲབ་སྐབས་ཕན་ཆེན་པོ་ཐོགས་བྱུང་ཞེས་བརྗོད།
འཁྲབ་ཚན་ཚོགས་ཆུང་གིས་སྒྲོལ་མ་འབུམ་དགེ་ལེགས་རྣམ་རྒྱལ་འཁྲབ་པར་གདན་དྲངས་རྗེས། ཁོང་གིས་སླར་ཡང་ཉིང་ཁྲིའི་གྲོང་སྡེར་བསྐྱོད་ནས་འཚོ་བ་ཉམས་ལེན་དང་སྦྲགས་སྔར་སོང་གི་མྱོང་བ་བསྐྱར་དྲན་བྱས། ཁོང་གིས“ངས་ཀོང་པོའི་མི་དམངས་ཀྱི་འཚོ་བའི་ཞིབ་ཆ་འཁྲབ་ཚན་འདི་ནས་མངོན་གང་ཐུབ་བྱེད་བསམ་གྱི་འདུག”ཅེས་བརྗོད།
སྒྲོལ་མ་འབུམ་གྱིས“མ་གཞི་ང་བོད་རིགས་ཤིག་ཡིན་ནའང་ཞིང་འབྲོག་ཁུལ་གྱི་འཚོ་བའི་གོམས་གཤིས་འདྲ་གི་མེད། འཁྲབ་ཚན་ནང་གི་མི་སྣ་དགེ་ལེགས་རྣམ་རྒྱལ་ཡག་པོ་འཁྲབ་ཆེད། ངས་ད་དུང་འབད་བརྩོན་ལྷོད་མེད་བྱེད་དགོས་པ་མང་པོ་ཞིག་འདུག དེའི་ནང་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཉིང་ཁྲི་བའི་འཚོ་བའི་གོམས་གཤིས་ཉམས་ལེན་བྱེད་པ་གལ་ཆེ་ཤོས་རེད”ཅེས་མ་གསང་དྲང་པོར་བརྗོད།
འཁྲབ་ཚན་འདིར་ཞུགས་པ་བརྒྱུད་སྒྲོལ་མ་འབུམ་གྱི་མྱོང་ཚོར་ཟབ་ཤོས་ནི། དེང་གི་བོད་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་གཏིང་ཟབ་ཚོར་ཞིང་། ཁོང་གིས“ང་ཚོས་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱེད་དགོས་ལ། བོད་ཀྱི་དེ་བས་ལེགས་པའི་འབྱུང་འགྱུར་སླད་དུ་རང་ནུས་ཕྲན་བུ་འབུལ་ཐུབ་པར་དེ་བས་ཀྱང་འབད་བརྩོན་བྱེད་དགོས”ཞེས་བརྗོད།
ཀྲའོ་ཐིང་ཐིང་།
བརྩེ་བས་ཁེངས་པའི་ས་གཞིར་གངས་ལྷ་མེ་ཏོག་བཞད་པར་བྱེད་པ།
འཁྲབ་ཚན《གངས་ལྷ་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ》ཡི་མི་སྣ་རེ་རེའི་གཏམ་རྒྱུད་མང་པོ་ཞིག་རྒྱས་པར་གླེང་ཆོག ལོ་རབས་གོང་མའི་འཁྲབ་ཚན་ཞིག་གི་ངོས་ནས་དེར་བོད་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་སོགས་དམིགས་གཏན་འཁེལ་བའི་ནང་དོན་ཡོད་པ་མ་ཟད། གངས་རི་དང་། ས་མཐོ། ཐང་དཀར་རྒོད་པོ། འབྲི་གཡག ཇ་བསྲུབས་མ་སོགས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ཡང་ལྡན་ཡོད།
སྟབས་ལེགས་པ་ཞིག་ལ་འཁྲབ་ཚན་གྱི་མི་སྣ་ལི་ཞཱ་འཁྲབ་མཁན་འཁྲབ་སྟོན་པ་ཀྲའོ་ཐིང་ཐིང་གི་ཁྱིམ་དུ་ནུབ་རྒྱུད་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པར་སྐྱོད་མྱོང་མཁན་ཡོད། ཁོ་མོའི་སྤོ་བོ་ལགས་དང་རྨོ་བོ་ལགས་དང་ཕ་མ་གཉིས་ཀ་དེ་སྔ་མཐའ་མཚམས་སུ་གཞིས་ཚུགས་མྱོང་བར་བརྟེན། ནང་དོན་འདི་རིགས་ཀྱི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ལ་བརྩེ་དུང་མི་འདྲ་བ་ཞིག་ཡོད།
ཀྲའོ་ཐིང་ཐིང་གིས་འཁྲབ་པའི་བོད་སྐྱོར་སློབ་ཆེན་སློབ་མ་ལི་ཞཱ་ནི་ཕུགས་བསམ་ཅན་ཞིག་དང་ཕུགས་བསམ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་མི་སྣ་ཞིག་རེད། འཁྲབ་ཚན་གྱི་འཁྲབ་ཚིག“བོད་སྐྱོར་གྱི་ཆེད་དོན་པར་གཞི་བལྟས་རྗེས། ལྟད་མོ་བསྟན་མ་ཚར་གོང་ནས་བོད་སྐྱོར་ལ་ཞུགས་པའི་མིང་ཐོ་བཀོད་པ་ཡིན”ཞེས་བརྗོད་པ་ལྟར་རེད།
ཀྲའོ་ཐིང་ཐིང་གིས་འཁྲབ་བྱའི་མི་སྣའི་ལས་འགན་ཐོག་མར་འབྱོར་རྗེས་སྟངས་འཛིན་བྱེད་དཀའ་ཤོས་ནི་ལི་ཞཱ་དང་མེ་གཡན་ཧྲེང་གི་བརྩེ་དུང་གི་འགྱུར་ལྡོག་དེ་རེད་ཅེས་བཤད། འཁྲབ་ཚན་གྱི་མི་སྣ་དེ་གཉིས་ཐོག་མའི་དགའ་རོགས་ནས་མཇུག་ཏུ་ཁ་བྲལ་བ་དང་། མཐར་མཱ་རུའུ་ཡུན་ཚེ་ལས་འདས་རྗེས་སླར་ཡང་གྲོགས་པོ་ལས་ལྷག་པའི་མཆེད་གྲོགས་ལ་གྱུར། ཀྲའོ་ཐིང་ཐིང་གིས་འཁྲབ་ཚན་གྱི་མི་གསུམ་པོའི་སྣ་མང་རྙོག་འཛིང་ཆེ་བའི་བརྩེ་དུང་ལས། འཁྲབ་སྐབས་མི་སྣའི་དབར་གྱི་འབྲེལ་བ་མི་འདྲ་བ་དང་། གནས་ཚུལ་མི་འདྲ་བ། སྐད་གདངས་དང་མིག་ལྟ་སྟངས་ཀྱི་འགྱུར་ལྡོག་བཅས་ལ་དོ་སྣང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ལྷག་པར་དུ་ཚད་རན་པོ་ཡོང་བ་བྱེད་དགོས། ཐལ་དྲགས་ན་བདེན་པའི་ཉམས་ཤོར་བས། ངེས་པར་དུ་འཁྲབ་ཚན་དེའི་ལོ་རབས་ཀྱི་ཁྱད་ཆོས་ལ་བསམ་གཞིག་བྱེད་དགོས”ཞེས་ཁོང་གིས་གསལ་བཤད་བྱས།
འཁྲབ་ཚན་གྱི་མི་སྣ་ཡག་པོ་འཁྲབ་ཆེད། ཀྲའོ་ཐིང་ཐིང་གིས་སྔ་ས་ནས་འཁྲབ་གཞུང་དང་འཁྲབ་བྱའི་མི་སྣར་ཞིབ་འཇུག་ནན་ཏན་བྱས་པ་མ་ཟད། ས་གནས་དེ་གའི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་སྤེལ་རེས་ཀྱང་བྱས་པ་རེད།
ཀྲའོ་ཐིང་ཐིང་གིས་ཁོང་གིས་མི་སྣ་དེ་བརྒྱུད་འཁྲབ་ཚན་ཧྲིལ་པོའི་མི་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་འཁྲབ་རྩལ་ལེགས་པོ་དང་དེ་བས་ལྟ་རིན་ཡོད་པ་ཞིག་ཏུ་གྱུར་པར་བྱས་ནས་དེའི་ལུགས་མཐུན་དང་དངོས་ཡོད་ཀྱི་རྣམ་པ་འཁྲབ་ཚན་ནས་མངོན་པར་བྱས་ཏེ་ལྟད་མོ་བར་སྟོན་འདོད་ཡོད་ཅེས་བརྗོད།
མཇུག་ཏུ་ཀྲའོ་ཐིང་ཐིང་གིས་འཁྲབ་ཚན《གངས་ལྷ་མེ་ཏོག་ལྷུག་པོར་བཞད་པའི་ས་ཆ》ཡི་ནང་རང་ཉིད་ལ་ལི་ཞཱ་འཁྲབ་པའི་གོ་སྐབས་རག་པ་མ་ཟད། རང་ཉིད་ཀྱིས་ཀྱང་མི་སྣ་དེ་ནན་ཏན་འཁྲབ་པ་ཡིན། “ལས་འགན་ལྕི་པོ་འདི་ང་ལ་རྩིས་སྤྲོད་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ། འཁྲབ་སྟོན་པ་ཚང་མས་མཉམ་དུ་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ། གངས་ལྷ་མེ་ཏོག་ནམ་ཡང་བརྩེ་བས་ཁེངས་པའི་ས་གཞི་འདིར་ལྷུག་པོར་བཞད་པའི་རེ་བ་ཡོད”ཅེས་བརྗོད།