དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བྱིས་པའི་རྩོམ་རིག་གིས་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐུབ་པའི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    བྱིས་པའི་རྩོམ་རིག་གིས་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ལ་གནས་བབ་གལ་ཆེན་བཟུང་ཡོད་ཅིང་། དེ་ནི་སློབ་མ་རྣམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ལ་ཤེས་རྟོགས་བྱེད་པའི་ཤེས་རིག་གི་བདུད་རྩི་འཁྱིལ་བའི་རྒྱ་མཚོ་ལྟ་བུ་ཞིག་རེད། སློབ་གསོ་སློབ་ཁྲིད་དང་སློབ་ཞོར་དུ་རྒན་ལགས་རྣམས་ཀྱིས་བྱིས་པའི་རྩོམ་རིག་གི་ཕུན་སུམ་ཚོགས་པའི་བརྗོད་བྱ་དང་། སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར། དགོད་བྲོ་ལ་གྱ་གྱུའི་བྱུང་རིམ་གྱི་བྱིས་པའི་རྩོམ་རིག་བརྩམས་ཆོས་སྤྱད་དེ་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་གནས་ཚད་མཐོ་རུ་གཏོང་བ་མ་ཟད། སློབ་མའི་རྩོམ་འབྲིའི་ནུས་རྩལ་མཐོ་རུ་གཏོང་བར་གདུང་འདེགས་ཀ་བ་ལྟ་བུའི་ནུས་པ་གལ་ཆེན་ལྡན།

    དེ་ཡང་སློབ་མས་རྩོམ་ཡིག་འབྲི་བར་འཕྲད་པའི་གནད་དོན་གཙོ་བོ་ནི་རྩོམ་ཡིག་གི་ནང་དོན་གང་བྲི་བ་དང་། ཇི་ལྟར་བྲི་བའི་ཐབས་ཤེས་འདི་གཉིས་རེད། སློབ་མས་རྩོམ་ཡིག་འབྲི་སྐབས་སྔོན་ལ་གང་བྲི་བ་དང་རྗེས་སུ་གང་བྲི་བ། མཐའ་མར་གང་བྲི་མི་ཤེས་པར་ག་བྱེད་འདི་བྱེད་མེད་པར་འགྱུར་ཀྱིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་དཔེ་ཀློག་ཉུང་དྲགས་པ་མ་ཟད། མིང་ཚིག་གསོག་འཇོག་དང་བརྗོད་པ་བཟོ་མི་ཤེས་པ། ཕྲད་དང་རྣམ་དབྱེ་སོགས་ཀྱི་གནས་ལུགས་ཁོང་དུ་མི་ཆུད་པ། དཔེ་དང་དོན་སྦྱོར་ལུགས་མི་ཤེས་པ། དུས་རྒྱུན་གྱི་འཚོ་བའི་ལྟ་ཞིབ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་སྲིད།

    སློབ་ཆུང་བོད་སྐད་ཡིག་གི་དམིགས་ཚད་ཀྱི་རྩོམ་འབྲིའི་རེ་བ་ལྟར་ན། བརྗོད་བྱའི་སྙིང་པོ་གསལ་ཞིང་ཚིག་སྦྱོར་བདེ་ལ། གནད་དུ་འཁེལ་བའི་སྒོ་ནས་རང་གི་བསམ་ཚུལ་བརྗོད་ཐུབ་པ་དང་། རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་ལྟར་རྒྱུན་མཐོང་གི་འབྲི་ཚུལ་ལ་བརྟེན་ནས་རྩོམ་ཡིག་འབྲི་ཐུབ་པ་དགོས”ཞེས་ཚད་གཞིའི་རེ་བ་དང་མཐུན་པའི་རྩོམ་ཡིག་འབྲི་བར་དང་ཐོག་སློབ་ཆུང་ལོ་རིམ་དང་པོ་ནས་འགོ་བཙུགས་ཏེ་བྱིས་པའི་རྩོམ་རིག་ལ་བརྟེན་ནས་མིང་དང་ཚིག་དུ་མ་འབྲི་བ་དང་ཀློག་པ། བློར་ངེས་དགོས། དེ་ནས་རིམ་བཞིན་མིང་ནས་ཚིག་དང་ཚིག་ནས་བརྗོད་པ། བརྗོད་པ་ནས་བརྗོད་ཕྲེང་སོགས་ཀྱི་རིམ་པ་བཞིན་འགྲུབ་འགྲོ་བའི་ཆོས་ཉིད་དེས་མིང་དང་ཚིག་མང་དག་ཅིག་གསོག་འཇོག་བྱེད་དགོས་པ་ནི་དགོས་གལ་ཤིན་ཏུ་ཆེ་བར་མཐོང་།

    གཅིག བྱིས་པའི་རྩོམ་རིག་མྱོང་རོལ་ལས་རྩོམ་ཡིག་འབྲི་བའི་མིང་ཚིག་གསོག་འཇོག་དང་བརྗོད་པ་བཟོ་ཐབས་ཤེས་ཐུབ།

    རྩོམ་ཡིག་འབྲི་བ་ནི་ཁང་པ་གསར་བཞེངས་བྱེད་པ་དང་མཚུངས་ཤིང་། ཁང་པ་ལེགས་པོ་ཞིག་སྐྲུན་དགོས་ན། སྔོན་ལ་ས་ཕག་གྲ་སྒྲིག་ཨང་བསར་དང་རྩིག་རྨང་ལེགས་པོ་འདིང་དགོས་པ་བཞིན་ཕུལ་བྱུང་གི་རྩོམ་ཡིག་ཅིག་འབྲི་འདོད་ན། ཐོག་མར་མིང་དང་ཚིག་གསོག་འཇོག་ལེགས་པོ་བྱེད་དགོས་ལ། མིང་ཚིག་གསོག་འཇོག་བྱས་ན་སྙན་འཇེབས་ལྡན་པའི་བརྗོད་པ་བཟོ་བར་ཆ་རྐྱེན་འདིང་ཐུབ། “བྱ་བ་ཐམས་ཅད་ལད་མོ་ཡིན།། ལད་མོའི་ནང་ནས་སུ་མཁས་ཡིན”ཞེས་པ་ལྟར་རྒྱུན་དུ་སྦྱང་ཚན་དུ་བསླབ་གཞིའི་ནང་དོན་དང་བྱིས་སྒྲུང་ལ་དཔེ་བྱས་ཏེ་བརྗོད་པ་མང་ཙམ་བཟོ་རུ་འཇུག་དགོས་པ་དང་། ཚིག་གི་གྲོགས་པོ་སྦྱར་ནས་མིང་ཚིག་དང་ཤེས་བྱ་རྒྱ་སྐྱེད་དགོས། སློབ་མས་སྙན་འཇེབས་ལྡན་པའི་བརྗོད་པ་བཟོ་ཐུབ་ཚེ། རྒྱུན་དུ་ཡིག་འབྲུ་བརྒྱ་ཙམ་ལོན་པའི་རྩོམ་ཡིག་ཐུང་ངུ་འབྲི་རུ་བཅུག་ན་ཁོ་ཚོའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱ་ཐུབ། དགུང་གསེང་དང་གཟའ་མཇུག་ཏུ་ཉིན་ཐོ་འབྲི་བའི་གོམས་གཤིས་ལེགས་པོ་འཇགས་དགོས།

    གཉིས། བྱིས་པའི་རྩོམ་རིག་མྱོང་རོལ་ལས་བརྡ་སྤྲོད་པའི་ཕྲད་དང་རྣམ་དབྱེ་སྦྱོར་ཚུལ། ཡི་གེའི་དག་ཆ་སོགས་ཡང་དག་པར་ཤེས་ཐུབ།

    རྩོམ་ཡིག་གང་འདྲ་ཞིག་འབྲི་དགོས་ཀྱང་བརྡ་སྤྲོད་པའི་གཞུང་སུམ་རྟགས་དག་གསུམ་དང་ཕྲད་ཀྱི་སྦྱོར་ཚུལ་ནི་ཤིན་ཏུ་གལ་ཆེ་ལ། རྩོམ་ཡིག་འབྲི་བར་ཡང་ཤིན་ཏུ་མཁོ། རྩོམ་རིག་གི་ནང་ནས་བརྡ་སྤྲོད་ཀྱི་ཤེས་བྱ་ཁག་སྦྱངས་ཏེ་རང་གི་རྩོམ་ཡིག་ལ་མཁོ་བའི་རྒྱུ་ཆ་གསོག་དགོས། གཞན་ཡང་། བྱིས་པའི་རྩོམ་རིག་གི་ནང་དོན་ནས་སློབ་མའི་ཤེས་ཚད་དང་འཚམ་པའི་མིང་ཚིག་འགའ་ཤས་འདམ་སྒྲུག་བྱས་ཏེ་སློབ་མ་ལ་རྩོམ་ཐུང་འབྲི་རུ་འཇུག་དགོས་པ་དང་། གཟའ་འཁོར་རེར་བྱིས་སྒྲུང་ཐུང་ངུ་རེ་ཀློག་ཏུ་འཇུག་བྱ་དགོས་པ་དང་ཟླ་རེར་མི་སྣའི་བཀོད་འབྲིའམ་བྱ་བ་འབྲི་བའི་རྩོམ་ཡིག་རེ་འབྲི་རུ་བཅུག་སྟེ་རྩོམ་ཡིག་གི་དགེ་སྐྱོན་ལ་དངོས་ཐོག་བདེན་འཚོལ་གྱིས་སློབ་མའི་བཟང་ཕྱོགས་ལ་བསྟོད་བསྔགས་བྱས་ན་སློབ་མས་དེའི་ཕྱོགས་ལ་ཧུར་བརྩོན་བྱ་སྲིད་ལ། བྱིས་པའི་རྩོམ་རིག་ལྟ་ཀློག་དང་རོལ་མྱོང་བྱས་ན། ཡི་གེའི་དག་ཆར་དོ་སྣང་ཆེན་པོ་ཡོང་ངེས་ལ། “ང་ན། ཚྭ་མེད། གཡག་ལྔ་ཀར་ཤི”ཞེས་པའི་དཔེ་རུ་མི་འགྱུར་བར་དག་ཆ་ཁག་ཡང་དག་པར་ཤེས་ཐུབ། དེང་སང་སློབ་མ་དུ་མས་རྩོམ་ཡིག་འབྲི་སྐབས་དག་ཆ་ནོར་བ་ཤིན་ཏུ་མང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་ཁྲིད་སྐབས་རྒན་ལགས་ཚོས་ནན་བཤད་ཉུང་དྲགས་པའམ་སློབ་མས་འབྲི་ཀློག་ཉན་བཤད་བྱེད་སྐབས་དོ་སྣང་མ་བྱས་པ་དང་། སློབ་ཕྱིའི་ལྟ་ཀློག་ཉུང་དྲགས་པའི་རྐྱེན་གྱིས་ཡིན་པར་སྙམ། གལ་ཏེ་ལྟ་ཀློག་ལ་དགའ་བའི་སློབ་མ་ཞིག་ཡིན་ན། རྩོམ་ཡིག་འབྲི་སྐབས་དག་ཆ་ནོར་བའི་གནད་དོན་དེར་སྒྱུར་བཅོས་གང་ལེགས་གཏོང་ཐུབ་པར་སྙམ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེས“ཚིག་གི་སྒྲ་ཙམ་འདྲ་ན་ཡང་།། དོན་ལ་ཁྱད་པར་ཤིན་ཏུ་ཆེ།། དེ་ཕྱིར་བརྡ་དག་ལ་བརྟེན་ནས།། མ་ནོར་དོན་རྣམས་འཚོལ་བར་གཅེས”ཞེས་གསུངས་པ་ལྟར། ཚིག་གི་སྒྲ་འདྲ་བ་མང་དུ་ཡོད་ཀྱང་དོན་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པས། དེ་ཕྱིར་བརྡ་སྤྲོད་པའི་གཞུང་ལ་བརྟེན་ནས་ཕན་ཚུན་མི་ནོར་མ་འཁྲུལ་བར་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་ལ། རྒན་ལགས་རྣམས་ཀྱིས་སློབ་ཁྲིད་བྱེད་སྐབས་ཚིག་གི་སྒྲ་འདྲ་བ། དཔེར་ན། སྒྲ་དང་དགྲ། འདྲ་སོགས་སྡུར་བའི་ཚུལ་གྱིས་སློབ་མར་སྦྱོང་དུ་འཇུག་དགོས་པ་མ་ཟད། ཚིག་གི་གྲོགས་པོ་སྦྱར་བ་དང་བརྗོད་པ་བཟོ་བ་བཅས་ཀྱིས་སློབ་དགོས། བྱིས་པའི་རྩོམ་རིག་ནས་ཡི་གེའི་དག་ཆ་ཡང་དག་པར་སྦྱངས་ཏེ་རྩོམ་ཡིག་འབྲི་བར་མཁོ་བའི་རྒྱུ་ཆ་གསོག་ཐུབ།

    གསུམ། བྱིས་པའི་རྩོམ་རིག་མྱོང་རོལ་ལས་རྩོམ་ཡིག་འབྲི་བའི་ཐབས་ཤེས་དང་། ཚིག་རྒྱན་གྱི་ཤེས་བྱ་དུ་མ་རྟོགས་ཐུབ།

    སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་པ་དེ་སྣང་མེད་དུ་བསྐྱུར་རུང་བ་ཞིག་གཏན་ནས་མིན། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་ནི་རྩོམ་རིག་སློབ་ཁྲིད་ཀྱི་ཆེས་གཞི་རྩ་དང་གནད་འགག་ཅིག་རེད། སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་དུ་མ་ཡོད་ཀྱང་། བྱིས་པའི་རྩོམ་རིག་ལ་མྱོང་རོལ་བྱས་ཏེ་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བ་ནི་གལ་ཤིན་ཏུ་ཆེ་ལ། དོན་དངོས་དང་མཐུན་པ་ཞིག་ཀྱང་རེད། དེའི་རྒྱུ་མཚན་ནི། བྱིས་པའི་རྩོམ་རིག་ཕལ་མོ་ཆེ་ནི་བྱིས་པ་རྣམས་ཀྱིས་དགའ་བའི་སྲོག་ཆགས་དང་རྩི་ཤིང་སོགས་སྐྱེ་དངོས་བརྗོད་བྱར་བྱས་ཤིང་། གོ་སླ་ཞིང་ཁ་གསལ་བའི་ཚིག་ཤ་སྟག་རེད་ལ། བྱིས་པའི་སེམས་ཁམས་དང་འཇིག་རྟེན་ལྟ་ཚུལ་དང་ཡོངས་སུ་མཐུན་ཡོད།

    བྱིས་པའི་རྩོམ་རིག་ནི་ཚིག་རྒྱན་གྱིས་ཡོངས་སུ་ཕྱུག་པའི་བང་མཛོད་ཅིག་རེད་ལ། སྙན་འཇེབས་ཡིད་དབང་འཕྲོག་ལ་གསོན་ཉམས་ལྡན་པའི་ཚིག་སྦྱོར་ནི་སྒྱུ་རྩལ་གྱི་རྩོམ་རིག་ཡོད་དོ་ཅོག་ལ་མཁོ་བས། རྗེ་བློ་བཟང་གྲགས་པས“རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ནི་རིན་ཆེན་རྣམ་གསུམ་སྣང”ཞེས་གསུངས་པ་དང“འཁྱོག་བརྗོད་ཀྱི་འབྲི་ཐབས་ནི་བྱིས་སྒྲུང་གི་འཆར་ཡན་མངོན་ཐབས་གཙོ་བོ་དེ་རེད”ཅེས་པ་ལྟར། བྱིས་སྒྲུང་གི་ནང་དོན་འབུར་དུ་ཐོན་ཆེད་རྩོམ་པ་པོས་དོན་ལ་འཚམ་པའི་དཔེ་དང་། འཇིག་རྟེན་གྲགས་པ་ལས་བརྒལ་བའི་འུད་བརྗོད། མི་ཡི་རང་གཤིས་ལྡན་པའི་རབ་རྟོག་དང་རྟོག་བཟོ། བརྗོད་འདོད་ཀྱི་དོན་ལྷག་པོ་ཆེ་ལ་བསམས་ནས་བསྡུས་བརྗོད་དཔེ་བཀོད་པ། དཔེར་ན། སློབ་ཆུང་ལོ་རིམ་གཉིས་པའི《སྐད་ཡིག》བསླབ་གཞིའི“གཡུ་བྱིའུ”ཞེས་པར“གཡུ་བྱིའུ་ཡི་སྒྲོ་སྤུའི་མདོག་ནི་ཧ་ཅང་མཛེས་ཏེ། “མགོ་སྤུ་ནི་དར་གོས་ལྗང་སེར་གྱི་ཐོག་ཏུ་གཡུ་མདོག་གི་རི་མོ་བྲིས་པའི་མགོ་རས་དང་འདྲ་ཞིང་། རྒྱབ་ཀྱི་སྒྲོ་སྤུ་ནི་སྟོད་ཐུང་ལྗང་སྐྱ་དང་འདྲ། བྲང་སྤུ་ནི་རྔུལ་ལེན་དམར་སྨུག་འདྲའོ” དཔེ་དོན་ཤིན་ཏུ་སྦྲེལ་ཆགས་པས་རྒན་ལགས་ཚོས་སློབ་ཁྲིད་བྱེད་རིང་བྱིས་རྩོམ་དེའི་དཔེ་དོན་སྦྱོར་ལུགས་སློབ་མར་ཁ་གསལ་གོ་བདེའི་ངང་ནས་འགྲེལ་པ་བྱེད་དགོས་ལ་སློབ་མས་བྱིས་རྩོམ་འདི་དག་མང་ཙམ་བཀླགས་ཏེ་རང་ཉིད་ཀྱི་རྩོམ་འབྲིར་མཁོ་བའི་ཚིག་རྒྱན་གསོག་འཇོག་གང་མང་བྱེད་དགོས།

    མདོར་ན། བསམ་བློའི་ནང་དོན་ཕུན་སུམ་ཚོགས་ལ་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་བྱིས་པའི་རྩོམ་རིག་གིས་ན་ཆུང་སློབ་མ་རྣམས་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། སློབ་མས་ཡི་གེ་ཀློག་པ་དང། ཉན་པ། འབྲི་བ། འཆད་པ་སོགས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་སྙམ། །

    (ཚེ་རིང་དོན་གྲུབ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་གཞོན་པ། དཔྱད་རྩོམ་འདི་ནི་2021ལོའི་བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་གྲྭ་ཆེ་མོའི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་ཏེ“བོད་ཀྱི་ལེགས་བཤད་རྩོམ་རིག་གི་མི་ཆོས་བསམ་བློའི་ནང་དོན་དང་དེའི་དེང་རབས་ཀྱི་རིན་ཐང་ཞིབ་འཇུག”ཞིབ་འཇུག་གི་ཨང་གྲངས། sk2021-55 ལྷ་ས་དགེ་འོས་སློབ་གྲྭའི་2021ལོའི་ཞིབ་འཇུག་ལས་གཞི། བོད་ཀྱི་ལེགས་བཤད་རྩོམ་རིག་ཁྲོད་ཀྱི་དགེ་རྒན་གྱི་ཀུན་སྤྱོད་ཞིབ་འཇུག ཞིབ་འཇུག་གི་ཨང་གྲངས། LSSZ20210105Sཅེས་པའི་བར་སྐབས་ཀྱི་དཔྱད་འབྲས་རེད)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།