ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཁ་བྲོ་བཀྲ་ཤིས་སྤུན་བདུན་ལྷ་མོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་གི་རྒྱུན་འཛིན་པ་པད་མ་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་ཟུར་ཞིག་ཡིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོའི་གཙང་ལ་ཁོད་སྙོམས་པའི་སྲང་ལམ་དང་ཡུལ་མིའི་སྡོད་ཁང་ཡིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ཏེ། “སྲུང་སྐྱོང་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། མི་ཉམས་གོང་འཕེལ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས། ཞིང་དལ་གྱི་དུས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་གསོ་སྦྱོང་འཛིན་གྲྭ་གཉེར་བས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་སྐུལ་འདེད་ཐེབས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ཡོང་འབབ་གསོག་པར་སྐུལ་ཁྲིད་ཐུབ་ནས། མངོན་མིན་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔའི་བར་འཕྱོངས་རྒྱས་རྫོང་ལ་མངོན་མིན་རིག་གནས་ཤུལ་བཞག་31ཡོད་པ་ལས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་2དང་། ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་4 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་25བཅས་ཡོད་པ་དང་། རྫོང་ཡོངས་ལ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་18ཡོད་པ་ལས། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་3དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་4 གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་4 རྫོང་རིམ་པའི་རྒྱུན་འཛིན་པ་7བཅས་ཡོད་པ་རེད།
དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།
འཕྱོངས་རྒྱས་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་བཅའ་ཁྲིམས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཏན་འཁེལ་དང་དོ་དམ་བྱ་ཐབས》དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་ནན་ཏན་བྱས་པས། རིག་གནས་ཤུལ་བཞག་དང་རྒྱུན་འཛིན་པ་གཏན་འཁེལ་དང་ཞིབ་འཇུག་སོགས་རྨང་གཞིའི་ལས་ཀ་ཚགས་ཚུད་དུ་ཕྱིན་པ་དང་། ལས་ཀའི་ལམ་ལུགས་དང་རྒྱུན་འཛིན་གྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་བཅས་གྲུབ་འབྲས་དགའ་འོས་པ་ཐོབ་ཡོད།
རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ།
འཕྱོངས་རྒྱས་ཀྱི་ཆུ་ཤེལ་གཡང་ཊི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་གཏན་འཁེལ་བྱས་ཏེ་འཕྱོངས་རྒྱས་གཡང་ཊིའི་བཟོ་གྲྭ་གཉེར་སྐྱོང་ཡག་པོ་བྱས་པ་མ་ཟད། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆང་ཁྱིམ་གྱི་ནས་ཆང་མཉམ་ལས་ཁང་དང་། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཟླ་བ་སྒྲོལ་མའི་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་བཙུགས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་པ་དང་། འཕྱོངས་རྒྱས་འཇུའི་བྲོ་འཁྲབ་སྟོན་རུ་ཁག་2022ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་དང་འཕྱོངས་རྒྱས་ཀྱི་གྲོང་ཚོའི་མཚན་ཚོགས། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་མངོན་པའི་བྱ་སྤྱོད་ཀྱི་སྐུལ་སྤེལ་ཚོགས་འདུ་སོགས་ཀྱི་འཁྲབ་སྟོན་ལ་ཞུགས་པར་ཡོང་འབབ་སྒོར་ཁྲི་35བྱུང་བ་དང་། ཁ་བྲོ་བཀྲ་ཤིས་སྤུན་བདུན་ལྷ་མོ་དང་ཞོལ་ཨ་ཅེ་ལྷ་མོ་ཚོགས་པས་མངོན་མིན་རིག་གནས་ཤུལ་བཞག་གི་སྐོར་སྐྱོད་འཁྲབ་སྟོན་བྱས་པར་ཁ་གསབ་སྒོར་ཁྲི་44ལྷག་ཙམ་བྱུང་ནས་མངོན་མིན་རིག་གནས་ཤུལ་བཞག་ལས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཕན་པ་གང་མང་ཐོན་ཡོད།
གསོ་སྦྱོང་ལས་དོན་ལ་ཤུཊ་སྣོན་བརྒྱབ་པ།
2022ལོའི་ཟླ་12ནས་བཟུང་། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་སྒོར་གཞས་དང་། རྒྱལ་སྨན་གྱི་རྦད་དང་འཇགས་རྒྱང་། ལྷ་ཡུལ་ཤང་གི་སྦས་སྣའི་སྒོར་གཞས། འཕྱོངས་རྒྱལ་གྲོང་རྡལ་གྱི་དོན་མཁར་སྒོར་གཞས་སོགས་གསོ་སྦྱོང་ཐེངས་ལྔ་བྱས་པར་མང་ཚོགས་མི་ཐེངས་179ལ་བདལ་གླ་དང་ཁ་ལག་གི་ཁ་གསབ་སྒོར་338640སྤྲད་པ་རེད། གཞན་ཡང་། འཕྱོངས་རྒྱས་སློབ་འབྲིང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་དཔེ་མཚོན་རྟེན་གཞིར་གཏན་འཁེལ་བྱས་པ་དང་སྒོར་ཁྲི་11བཏང་ནས་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཚང་མ་འདུས་པའི་སློབ་གསེང་ལུས་རྩལ་གྱི་རོལ་དབྱངས་གསར་གཏོད་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་རེད།
མ་དངུལ་བརྩོན་ལེན་ཧུར་ཐག་བྱས་པ།
2022ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་འཕྱོངས་རྒྱས་ཁ་བྲོ་བཀྲ་ཤིས་སྤུན་བདུན་ལྷ་མོ་སྲུང་སྐྱོང་ལ་མ་དངུལ་སྒོར་ཁྲི་22དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་ཡུལ་ཆང་ཁྱིམ་གྱི་ནས་ཆང་སྙོལ་སྟངས་སྲུང་སྐྱོང་ལ་མ་དངུལ་སྒོར་ཁྲི་15 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སྟེ་ཆེན་ལྕགས་བཟོའི་ལག་རྩལ་སྲུང་སྐྱོང་ལ་མ་དངུལ་སྒོར་ཁྲི་15བཅས་བརྩོན་ལེན་ཧུར་ཐག་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མ་དངུལ་གྱི་འགན་ལེན་གང་ལེགས་བྱས་པ་རེད།