ལོ་ཙཱའི་ཁྲོད་ཀྱི་ཞུ་དག་པའི་གལ་ཆེན་རང་བཞིན་རགས་ཙམ་གླེང་བ།
ལོ་ཙཱ་བ་ཞེས་པ་ནི། མི་རིགས་གཞན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཤེས་བྱ་རྣམས་རང་མི་རིགས་ཀྱི་སྐད་ཡིག་ནས་ཚིག་དོན་ཆ་ཚང་བར་བརྡ་སྤྲོད་པ་ཡིན་ཞིང་། ལོ་ཙཱའི་གཞུང་ལུགས་སྨྲ་བ་འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས་པའི《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་པར“ལོ་ཙཱ་སློབ་མཁན་ཞིག་ལ་མཚོན་ན། ཤེས་རིག་གསལ་ཞིང་དྲན་ཤེས་བརྟན་པ། སྨྲ་བརྗོད་དག་ཅིང་བརྡ་སྤྲོད་ཚུལ་ལ་མཁས་པ། དཀའ་ངལ་ལ་བཟོད་བསྲན་ཆེ་ཞིང་། གང་བརྩམས་མཐར་འདོན་པའི་སྙིང་རུས་ཆེ་བ་བཅས་ཀྱི་ཆ་རྐྱེན་དེ་འདྲ་ཚང་བའི་མི་ཞིག་གིས་མ་གཏོགས། ཆ་རྐྱེན་དེ་ཚོའི་ནང་ནས་གཅིག་མ་ཚང་ནའང་ལོ་ཙཱའི་ལས་དོན་སྒྲུབ་ཐུབ་ཀྱི་མེད”ཅེས་གསལ་བ་ལས་ལོ་ཙཱ་བར་ཚང་དགོས་པའི་ཆ་རྐྱེན་གནད་ལ་འཁེལ་པོས་ཆོད་འདོམས་གནང་ཡོད་ལ། ཡང་སྒོས་སུ་བསྒྱུར་ཟིན་པའི་མ་ཡིག་གི་ཞུ་དག་མཁས་པར་དགོས་པ་ནི་གནད་ཀྱི་དམ་པའོ།
དང་པོ། ལོ་ཙཱའི་བྱ་བའི་ཁྲོད་ཀྱི་ཞུ་དག་པ་དང་དེའི་གལ་ཆེན་རང་བཞིན།
དེང་སང་ཀློག་པ་པོ་མང་ཆེ་བའི་བློ་ངོར་ལོ་ཙཱ་ནི་ལོ་ཙཱ་བ་གཅིག་པོའི་དོན་དག་ཏུ་འཛིན་པར་གཞོལ་ཆེ་ཞིང་། ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱའི་དཔྱད་རྩོམ་དུའང་ལོ་ཙཱ་བའི་དགེ་མཚན་དང་སྐྱོན་གླེང་བ་ལས་ཞུ་དག་པ་བལྟོས་བཅས་ཀྱིས་སྣང་མེད་དུ་བསྐྱུར་བའི་སྣང་ཚུལ་ཆགས་འདུག སྤྱིར་ལོ་ཙཱའི་བརྒྱུད་རིམ་ཁྲོད་ལོ་ཙཱ་བ་ནི་ནུས་པ་གཙོ་བོ་འདོན་མཁན་དང་འགྱུར་ཡིག་གི་སྤུས་ཚད་ཐག་གཅོད་མཁན་ཡིན་མོད། འོན་ཀྱང་ཞུ་དག་པའི་བྱང་ཚད་དམ་འཇོན་ནུས། འགན་འཁྲི་བཅས་སྣང་མེད་དུ་འཇོག་མི་རུང་སྟེ། བོད་བཙན་པོའི་དུས་སྐབས་སུ། ལོ་ཙཱའི་བྱ་རིམ་དང་སྒྲིལ་སྲོལ་ཚགས་དམ་པ་ཞིག་གཏན་ལ་ཕབ་ཡོད་དེ། ཆོས་གཞུང་གཅིག་ལོ་ཙཱ་བ་གཉིས་སམ་དུ་མ་འདུས་ནས་བསྒྱུར་ཞིང་། བསམ་ཡས་དགོན་པའི་རྩིག་རིས་ལས་མཚོན་པའི་སྒྲ་སྒྱུར་ལོ་ཙཱ་གླིང་གི་ལོ་ཙཱ་བྱེད་ཚུལ་ལས་མཐོང་གསལ་ལྟར་ན། མི་བཞི་རེ་སྡེ་གཅིག་རེ་བྱས་ཏེ་ཁ་གཏད་དུ་སྐྱིལ་ཀྲུང་གིས་བཞུགས། དེ་ནས་སྒྲར་མཁས་པ་ཞིག་གིས་ལེགས་སྦྱར་གྱི་སྐད་ཇི་བཞིན་བཀླགས། ལོ་ཙཱ་བ་ཞིག་གིས་དེ་བོད་སྐད་དུ་བསྒྱུར། མཐོ་ས་ན་བཞུགས་པའི་སློབ་དཔོན་ཞིག་གིས་ཞུས་ཏེ་གཏན་ལ་ཕབ། ལོ་ན་གཞོན་པའི་བཙུན་པ་ཞིག་གིས་མཐའ་མར་གཏན་ལ་ཕབ་པའི་འགྱུར་ཡིག་དེ་ཤར་མར་ཡི་གེར་ཕབ་པ་མངོན་ཡོད།
དེ་ལྟར་ལོ་ཙཱའི་བྱ་བ་གང་ཡང་ཐོག་མའི་ཡིག་སྒྱུར་དང་རྗེས་ཀྱི་ཞུས་དག་ཅེས་བརྒྱུད་རིམ་གཉིས་ཀྱི་སྒོ་ནས་ཞིབ་ཚགས་སུ་གཉེར་བ་སྟེ། 《པད་མ་བཀའ་ཐང》ལས། སྒྲ་སྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུར། །བཻ་རོའི་གླིང་དུ་ཞུ་དག་བྱེད། །ཅེས་པ་ལྟར་ཆོས་གཞུང་གང་ཞིག་དང་ཐ་ན་མིང་བརྡ་གཅིག་བསྒྱུར་བ་ལའང་རང་རང་སར་གང་འདོད་དུ་བསྒྱུར་བ་ཞིག་མ་ཡིན་པར་ལོ་པཎ་མང་པོས་ཐུན་མོང་དུ་རིག་པ་བསྡུར་བ་དང་བཀའ་གྲོས་གནང་ནས་གཏན་ལ་ཕབ་པ་ཡིན། དེ་ཡང་ལོ་ཙཱ་བའི་བྱང་ཚད་དམ། བསླབ་པ་རྒན་གཞོན། ཡོན་ཚད་ལྟར་ཞུས་ཆེན་ལོ་ཙཱ་བ་དང་། བར་ཞུས་ལོ་ཙཱ་བ། མཆན་བུ་ལོ་ཙཱ་བ་བཅས་རིམ་པ་གསུམ་དུ་ཕྱེས་ཤིང་སོ་སོས་གཉེར་བའི་ཕྱག་ལས་ཀྱང་མི་འདྲ་སྟེ། ཐོག་མར་མཆན་བུ་ལོ་ཙཱ་བས་མ་ཡིག་གང་དེ་བུ་ཡིག་ལ་ཕབ་རྗེས་བར་ཞུས་ལོ་ཙཱ་བར་ཕུལ་བ་ཡིན། བར་ཞུས་ལོ་ཙཱ་བ་རྣམ་པས་འགྱུར་དེ་དག་གི་ལེགས་ཉེས་ཆ་རྣམ་པར་ཕྱེ་སྟེ་ཞུས་དག་ཐེངས་དང་པོ་མཛད་དེ་ཞུས་ཆེན་པར་རྣམས་ལ་ཕུལ། ཞུས་ཆེན་ལོ་ཙཱ་བ་རྣམས་ཀྱིས་འགྱུར་གང་ཉིད་མ་ཡིག་ལ་བསྟུན་ནས་ཚིག་དོན་གཉིས་ཀྱི་ཐད་ནས་ཞུས་དག་ཐ་མ་གནང་ནས་འགྲེམ་སྤེལ་བྱེད་ཆོག་པའི་གཏན་འབེབས་གནང་བ་ཡིན། དེ་ལྟར་གཞུང་གང་ཞིག་བསྒྱུར་བ་ལའང་གོང་དུ་བརྗོད་པའི་ལས་བགོས་ཕྲ་ཞིབ་མཛད་དེ་བརྒྱུད་རིམ་ཚགས་དམ་པ་མང་པོ་བརྒྱུད་པ་བཅས་ཆེད་གཉེར་གྱིས་ལོ་ཙཱའི་བྱ་བར་གཞོལ་བ་འདིས། མིང་བརྡ་གཅིག་གྱུར་དང་ཚད་ལྡན་གྱི་ལམ་དུ་འགྲོ་བར་ཕན་པ་དང་། གྲངས་འབོར་དང་སྤུས་ཚད་གཉིས་ཀ་འགན་ལེན་ཡོང་བར་མཐུན་རྐྱེན་བླ་མེད་བསྐྲུན་པ་ཡིན།
གཉིས་པ། ཞུ་དག་པའི་འགན་འཁྲི་དང་ནུས་པ།
ལོ་ཙཱའི་བརྒྱུད་རིམ་གཉིས་སུ་དབྱེ་བ་སྟེ། དང་པོ་བསྒྱུར་བྱ་མ་ཡིག་གི་གོ་བ་ལེན་པ་དང་། གཉིས་པ་སྒྱུར་བྱེད་སྐད་ཡིག་གིས་མཚོན་པར་བཞེད་ནས་ལོ་ཙཱའི་བྱ་བའི་མགོ་འཇུག་བར་གསུམ་ལོ་ཙཱ་བའི་བྱང་ཚད་དང་འགན་འཁྲི་རུ་བརྩིས་ཆེ། 《རྒྱ་བོད་ལོ་ཙཱ་སློབ་དེབ》ཏུ། ལོ་ཙཱ་བྱ་བའི་བརྒྱུད་རིམ་གསུམ་དུ་བཀར་ནས་བྲིས་ཡོད་མོད། འོན་ཀྱང་ཞུ་དག་པའི་ལས་བྱ་ཡོངས་ལོ་ཙཱ་བའི་འགན་ཁོ་ན་རུ་བཞེད་པ་ལས། ཞུ་དག་པ་ཞེས་ལོ་ཙཱ་བ་ལས་ལོགས་སུ་བཀར་བ་ཞིག་ངོས་འཛིན་བྱེད་ཀྱི་མེད། དེའི་ཕྱིར་ཞུ་དག་པས་ཀྱང་རང་ལ་འགན་འཁྲི་ཆེར་མེད་པར་འདོད་ནས་དག་ནོར་རམ་ཡིག་ནོར་ཙམ་ལས་ནང་དོན་སྣང་མེད་སྐྱུར་བ་སོགས་ཁྲལ་སེལ་སླ་བཅོས་དང་ཉི་མ་གང་འཁྱོལ་བྱེད་པ་དང་། ཀློག་པ་པོས་ཀྱང་འགྱུར་ཡིག་ལ་དགེ་མཚན་དང་ཉེས་སྐྱོན་གང་ཡོད་པ་ལོ་ཙཱ་བར་ཁོ་ནར་ཁག་དཀྲི་བ་ལས་ཞུ་དག་པའི་འགན་འཁྲི་དང་ནུས་པ་གླེང་གི་མེད།
སྤྱིར་ལོ་ཙཱའི་བརྒྱུད་རིམ་མམ་གོ་རིམ་ལ་སྒྲ་དོག་འཇུག་གམ་ཡངས་འཇུག་གཉིས་སུ་དབྱེ་རུང་སྟེ། སྒྲ་དོག་འཇུག་གི་བརྒྱུད་རིམ་ནི་བསྒྱུར་བྱ་མ་ཡིག་ལ་གོ་བ་ལེན་པ་དང་སྒྱུར་བྱེད་སྐད་ཡིག་གིས་མཚོན་པར་བྱ་བ་ཡིན། སྒྲ་ཡངས་འཇུག་གི་བརྒྱུད་རིམ་ནི་སྐད་རིགས་གཉིས་སམ་བརྩམས་ཆོས་གཉིས་ཀྱི་ཕབ་སྒྱུར་ལས་བརྒལ་ཞིང་། བརྩམས་ཆོས་གང་དེ་བསྒྱུར་བའི་བྱེ་བྲག་གི་བརྒྱུད་རིམ་ཙམ་མ་ཡིན་པར། ལས་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་གང་མང་ཞིག་ལ་ཉམས་འཇོག་དགོས། དཔེར་ན། མ་ཡིག་གི་ངོ་བོ་དང་ལོ་ཙཱ་བའི་བྱང་ཚད། ལོ་ཙཱའི་བརྒྱུད་རིམ་དང་ཁ་ཕྱོགས། འགྱུར་ཡིག་ཀློག་པ་པོ། དཔེ་སྐྲུན་ཁང་དང་རྩོམ་སྒྲིག་པ། འགྱུར་ཡིག་འགྲེམ་སྤེལ་དང་བུ་ཡིག་གི་ཡིག་རིགས་རྣམ་པ་བཅས་ཕྱོགས་ཡོངས་ལ་བསམ་གཞིག་གནང་དགོས་གསུངས་པ་ཇི་བཞིན། བོད་ཀྱི་ལོ་ཙཱའི་གཞུང་ལུགས་སམ་ལག་ལེན་གང་ཐད་ནས་སྲོལ་རྒྱུན་གྱི་ལོ་ཙཱའི་རྗེས་སུ་གཡམ་རྒྱུག་ཁོ་ན་མི་བྱེད་པར་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། སྙིགས་དོར་བཅུད་ལེན་དང་གནའ་བཟང་དེང་སྤྱོད། རྙིང་ཚབ་གསར་བརྗེ་ཡི་རྣམ་འགྱུར་བཟུང་སྟེ་དོན་གཉིས་ལ་སྨན་པའི་འདུ་ཤེས་སྐྱོང་ཞིང་ངེས་པ་དོན་གྱིས་ལོ་ཙཱའི་བྱ་གཞག་ལ་སྲི་ཞུ་བསྒྲུབས་པར་འབད་དགོས།
དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་ཚན་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་ཞིང་། མིའི་རིགས་ཀྱི་འཚོ་བར་སྟབས་བདེའི་མཐུན་རྐྱེན་གང་ལེགས་བསྐྲུན་པ་གོར་མ་ཆག མིག་སྔར་གསར་དུ་དར་བའི་འཕྲུལ་ཆས་ལོ་ཙཱ་ཡིས་ལོ་ཙཱ་བའི་ཚབ་བྱེད་ཐབས་བྲལ་ཡང་རོགས་ཟླ་ཡ་མེད་ཅིག་ཏུ་འཛིན་ཆོག་པར་འདོད། མི་ཁ་ཤས་ཀྱིས་འཕྲུལ་ཆས་ལོ་ཙཱ་ལ་བརྟེན་དྲགས་ནས་ལོ་ཙཱ་བའི་རིན་ཐང་དང་འཇོན་ནུས་སྣང་མེད་དུ་འཇོག མི་ལ་ལས་འཕྲུལ་ཆས་ལོ་ཙཱ་ལ་མཐའ་གཅིག་ཏུ་དགག་པ་གཏོང་བ་སོགས་ཀྱི་སྣང་ཚུལ་བྱུང་དང་འབྱུང་མུས་རེད། ཡིན་ཡང་འཕྲུལ་ཆས་ལོ་ཙཱ་ནི་དུས་རབས་ཀྱི་དགོས་མཁོར་འཚམ་ཞིང་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ལྡན་པ་སྨོས་མེད་རེད། རྟགས་ཆད་ཀྱི་མཐའ་གཉིས་སུ་ལྷུང་བའི་ངེས་ཟིན་དེ་དག་དོར་ཏེ་དབུ་མའི་ལམ་དུ་འགྲོ་བ་ནི་དངོས་ཡོད་འཚོ་བར་སྨན་པའི་ཐབས་མཆོག་ཡིན་པར་སེམས། ཆེད་ལས་ལོ་ཙཱ་བ་ཉུང་བ་དང་སྒྱུར་སྤུས་ཞན་པ་སོགས་ཀྱིས་སྤྱི་ཚོགས་ཀྱི་ལོ་ཙཱའི་དགོས་མཁོ་བསྐོང་མི་ཐུབ་པས། མིག་སྔར་སྤྱི་ཚོགས་སུ་ལོ་ཙཱའི་འཕྲུལ་ཆས་ལ་ཞའོ་ཉུའུ་(小牛)དང་། ཐིན་ཞོན་ལོ་ཙཱ།(腾讯翻译) ཉི་འོད་འཕྲུལ་ཆས་ལོ་ཙཱ།(阳光机器翻译) ཡོན་ཡུས།(云译)སོགས་བསྒྱུར་སྤུས་ཅུང་དག་པའི་མ་ལག་ཁ་ཤས་ཡོད་པ་བེད་སྤྱོད་ལུགས་མཐུན་གྱིས་ལས་ཕྱོད་ཆེར་གཏོང་བ་ནི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན། སྤྱིར་ཞུ་དག་པ་ནི་ལོ་ཙཱའི་བྱ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། ལྷག་ཏུ་འཕྲུལ་ཆས་ལོ་ཙཱ་གྱི་མ་ལག་དར་བ་དང་བསྟུན་ཞུ་དག་པའི་འགན་འཁྲི་དང་བྱང་ཚད། འཇོན་ནུས་སོགས་བལྟོས་བཅས་ཀྱིས་མཐོར་འདེགས་དང་མཐོང་ཆེན་བྱེད་དགོས་པ་འདོད་དོ།
(བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཀླུ་མོ)