རིག་རྩལ་སྦྲང་ཆར་ཟིལ་མས། དམངས་སེམས་ཞིང་ས་བརླན་སོང།
རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པའི་སྐོར་བཀོད་པ།
འདི་ནི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཁྲོད་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་འོས་སྦྱོར་བྱས་པའི་དམངས་ཁྲོད་ཞབས་བྲོ《རྒྱལ་ཁའི་ངང་ཕྱིར་ལོག་པ》འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་མངའ་རིས་ས་ཁུལ་རིག་གནས་ཅུས་ཀྱིས་འོས་སྦྱོར་བྱས་པའི《བཀྲ་ཤིས་གཡང་ཆགས》འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་གླུ་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》འཁྲབ་བཞིན་པ།
འདི་ནི་གླུ་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》འཁྲབ་བཞིན་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས《སྤྲོ་སྣང་དོད་པའི་འབྲོག་པ》འཁྲབ་བཞིན་པ།
2022ལོའི་ཟླ་9ཚེས་11ཉིན་གྱི་དགོང་མོར། རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གསར་དུ་འཁྲབ་པའི་རྒྱལ་གཅེས་མཐའ་སྲུང་གི་དངོས་མཚོན་གླུ་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》ཅེས་པ་དྲ་ཐོག་གི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གསུམ་པར་བསྟན་ནས་ཀྲུང་གོའི་རིག་གནས་སྒྱུ་རྩལ་བྱ་དགའ་ཆེན་པོར་ཞུགས་ཡོད།
གླུ་གར་འཁྲབ་ཚན《གནམ་མཐའི་སྐལ་བཟང་མེ་ཏོག》ཅེས་པ་འདི“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་སྒྲོལ་དཀར་གྱི་ནང་མི་བརྗོད་གཞི་གཙོ་བོར་བྱས་ཏེ་གླུ་གར་དང་། ཞབས་བྲོ། འཁྲབ་སྟོན་བཅས་ཀྱི་སྒྱུ་རྩལ་གྱི་རྣམ་པ་སྤྱད་ནས་མི་རབས་གཉིས་ཀྱིས་མཐའ་བརྟན་རྒྱལ་སྲུང་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད་ཅིང་། འཁྲབ་ཚན་དེའི་འཁྲབ་གཞུང་རྩོམ་མཁན་པའེ་པིང་གིས་གླུ་གར་འཁྲབ་ཚན་གྱི་རྣམ་པ་སྤྱད་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་ཏེ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་དེ་བཞིན་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་གང་ལེགས་མཚོན་པར་བྱས་ཡོད་ཅེས་བཤད།
ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་རིག་གནས་དམངས་ཕན་གྱི“སྤྱི་ལེ་བརྒྱ་སྟོང་ཁྲི་སྐྱོད་པའི་བྱ་སྤྱོད”དེ་སྒུལ་ཤུགས་སུ་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ལོ་གཅིག་གི་རིང་། རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་རིག་རྩལ་སྤུས་དག་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤུས་ཚད་མཐོ་བའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཆིག་སྟོང་ལྷག་ཙམ་གསར་རྩོམ་གྱི་ལས་འགན་ཚད་བརྒལ་ལེགས་སྒྲུབ་བྱས་ཡོད།
གླུ་གར《གནམ་མཐའི་སྐལ་བཟང་མེ་ཏོག》ཀྲུང་གོའི་རིག་གནས་སྒྱུ་རྩལ་བྱ་དགའ་ཆེན་པོ་སྐབས་བཅུ་བདུན་པའི་མིང་འདོན་ལ་ཚུད་ཡོད། མི་རིགས་མཐུན་སྒྲིལ་གྱི་བརྗོད་གཞིའི་གཏམ་བརྗོད་ཟློས་གར《བར་སྐོར་གྱི་སྒོ་ར་བྱང་མ》ཞེས་པའི་ནང་གཙོ་འཁྲབ་པ་རིན་ཆེན་དོན་གྲུབ་ལ་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱ་དགའ་ཐོབ་པ་དང་། ཐང་ཆེན་ཞབས་བྲོ《དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད》ཅེས་པར་སྐབས་བཅུ་དགུ་པའི་སྐར་ཚོགས་བྱ་དགའ་ཐོབ་པ། ལོ་ཆུང་བྱིས་པའི་ལྷ་མོ《དཔྱིད་གསར་དུས་ཆེན་དགའ་བས་བསུ》ཞེས་པར་དཔྱིད་འགོའི་མེ་ཏོག་གི་མཉམ་སྡེབ་བྱ་དགའ་ཐོབ་པ། འཁྲབ་སྟོན་པ་ཆུང་ཆུང་བདེ་སྐྱིད་དཔལ་སྒྲོན་དང་བསྟན་འཛིན་སྨོན་ལམ་གཉིས་ཀྱི་ལྷ་མོ《གནའ་དབྱངས་གསར་སྐྱེད》ཅེས་པའི་ནང་བྱང་ཆུབ་པའི་འཁྲབ་སྟོན་ལ“ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ངུ་མཉམ་འཛོམས”ཀྱི་བྱེད་སྒོ་སྐབས་ཉེར་དྲུག་པའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་མཚན་སྙན་ཐོབ་སྟེ་ད་བར་བོད་དུ་ཟློས་གར་འཁྲབ་སྟོན་པ་ཆུང་ཆུང་3ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད།
བོད་ཀྱི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། 《གནའ་དབྱངས་གསར་སྐྱེད》དང《དཔྱིད་གསར་དུས་ཆེན་དགའ་བས་བསུ》ཞེས་པའི་བརྩམས་ཆོས་གཉིས་པོ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་དོན་ཐོག་ཁང་ནས་དྲ་ལམ་དུ་རྒྱལ་ཡོངས་ཀྱི་ལྟད་མོ་བར་ཐེངས་དང་པོ་བསྟན་ཞིང་། འཁྲབ་སྟོན་པ་ཆུང་ཆུང་ཚོས་སེམས་ནུས་ཡོད་རྒུས་འཁྲབ་སྟོན་བྱས་ཏེ་ཚང་མར་རྣམ་པ་གསར་རྐྱང་གི་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་ཡོད་ཅེས་བཤད།
2022ལོའི་ཟླ་བ་བདུན་པའི་ཟླ་དཀྱིལ་དུ་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེ་མོ(མཐའ་བསྡུར)སྐབས་དང་པོའི་བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་འགྲན་ཞུགས་རུ་ཁག་14རིམ་པས་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པའི《ལ་ལར་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད》དང་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི《བཀྲ་ཤིས་ཞབས་བྲོ》ལ་སྐར་མ་9.88དང་9.83སོ་སོར་ཐོབ་ནས“སྐར་ཚོགས་བྱ་དགའ”ཐོབ་ཡོད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྒྱུ་རྩལ་ཚོགས་པའི《བཀྲ་ཤིས་གཡང་ཆགས》དང་། ལྷོ་ཁ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི《སྤྲོ་སྣང་ལྡན་པའི་འབྲོག་པ》ལ་སྐར་མ་9.67དང་9.66སོ་སོར་ཐོབ་ནས“ཞབས་བྲོ་གསར་གཏོད་ཀྱི་བྱ་དགའ”ཐོབ་པ་དང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《སྤོ་ལོའི་ཤིང་བརྐོས་ལ་བཅངས་པའི་བརྩེ་བ》དང་། ནག་ཆུ་གྲོང་ཁྱེར་སོག་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《གསེར་མདོག་གི་རས་པ》ལ་སྐར་མ་9.48དང་9.46སོ་སོར་ཐོབ་ནས“འཁྲབ་སྟོན་པ་ཕུལ་བྱུང་གི་བྱ་དགའ”ཐོབ་ཡོད།
2022ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་ལས་རང་ལྗོངས་ཀྱི་ལོ་རྒྱུས་སུ་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འགྲན་བསྡུར་ཐོག་མ་བདེ་བླག་ངང་མཇུག་འགྲིལ་བ་མཚོན་ཞིང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་བདེ་སྐྱིད་སྒྲོལ་དཀར་གྱིས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་བདེ་བླག་ངང་གཉེར་བ་དེ་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གྱི་རྒྱང་ལམ་གསར་པར་སྐྱོད་པ་མཚོན་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་2022ལོའི་ཟླ་7ཚེས་12ཉིན་ལྷ་སར་འགོ་ཚུགས་པ་ནས་བཟུང་། དངོས་ཡོད་བརྗོད་གཞིར་གཞིགས་ནས་རིག་རྩལ་གསར་རྩོམ་བྱས་ཏེ་དྲ་ཐོག་དང་དྲ་མིན་གྱི་བྱེད་སྒོ་ཕན་ཚུན་སྤེལ་རེས་བྱས་པ་ལས། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་བྱས་པའི་ཕུལ་བྱུང་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་57སོང་རིང་གི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་འགྲན་བསྡུར་མེད་པའི་སྟོང་ཆ་བསྐངས་ཐུབ་པ་བྱུང་ཡོད།
རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོར་རང་ལྗོངས་ཀྱིས་གཞི་རིམ་གྱི་ཞབས་བྲོ་འཁྲབ་མཁན་དང་གཞས་པ་ཆིག་སྟོང་ལྷག་ཙམ་བྱེད་སྒོར་ཞུགས་སུ་བཅུག་པ་དེ་ནི་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། གཞི་རིམ་གྱི་མང་ཚོགས་དཔྱད་བསྡུར་རྣམ་གྲངས་དང་ལེ་ཚན་ནང་ཞུགས་མང་ཤོས་དང་ཚོགས་པ་སྒྲིག་འཛུགས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། ཆེད་ལས་འཁྲབ་སྟོན་དེ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དམངས་ཁྲོད་ཀྱི་ཞབས་བྲོའི་རུ་ཁག་བརྒྱ་ལྷག་ཙམ་གྱིས་མཉམ་དུ་འཁྲབ་ཅིང་། འཁྲབ་སྟོན་བྱ་ཡུལ་དེ་ཚོགས་ཁང་ནང་ནས་ཚོགས་ཁང་གི་ཕྱི་རོལ་དང་། གྲོང་ཁྱེར་ནས་ཞིང་འབྲོག་ཁུལ་བར་ཁྱབ་སྟེ་བོད་ཀྱི་ས་གནས་ཁག་གི་གཞོན་ནུ་གར་མཁན་དང་། གླུ་པ། དམངས་ཁྲོད་རིག་རྩལ་ལ་དགའ་མཁན་བཅས་གར་སྟེགས་སུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱས་ཡོད། བྱེད་སྒོ་སྤེལ་རིང་། འགྲན་བསྡུར་ཁག་གི་འཁྲབ་ཚན(ལེ་ཚན)དེ་དག་དུས་གཅིག་ཏུ་དྲ་ཐོག་ནས་ཐེངས་65ཐད་གཏོང་བྱས་པ་དང་། ངོ་མཚར་ཆེ་བའི་བརྙན་ཐུང་300ལྷག་ཙམ་བསྟན་པར་མི་ཐེངས་ཁྲི་1000ལྷག་ཙམ་ཐད་གཏོང་ལ་ཞུགས་པ་མ་ཟད། ལྟ་མཁན་མི་ཐེངས་ཁྲི་3000ལྷག་ཙམ་ཟིན་ཡོད།
2022ལོ་ནས་བཟུང་། རང་ལྗོངས་ཀྱིས་རིག་གནས་དམངས་ཕན་གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། ལྗོངས་ཡོངས་ཀྱི་རིག་རྩལ་དཔུང་ཁག་ཆེན་པོ་ཁྲི་བཅུ་དང་རིམ་ཁག་སྤྱི་པའི་རིག་གནས་ཁང་དང་ས་ཚིགས་ཀྱིས་རིག་གནས་དམངས་ཕན་བྱེད་སྒོ་ཐེངས་ཁྲི་10ལྷག་ཙམ་སྤེལ་བ་དེས་མང་ཚོགས་མི་ཐེངས་ཁྲི་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དགའ་བས་བསུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་དྲ་ཐོག་ཏུ་བསྟན་པར་ལྟད་མོ་བ་མི་ཐེངས་ཁྲི་12ལྷག་ཙམ་ཟིན་ཡོད།
ལོ་གཅིག་གི་རིང་། ལྗོངས་ཡོངས་ཀྱི་རིག་གནས་སྡེ་ཚན་གྱིས་དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་སྣ་ཚོགས་ཀྱི་འཛིན་གྲྭ་ཐེངས་600ལྷག་ཙམ་གཉེར་བར་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ནས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ལས་སྒོའི་རྐང་འཛིན་པ་མི་ཐེངས་ཁྲི་5ཙམ་ལ་གསོ་སྦྱོང་ཐུབ་ཡོད། ཉིང་ཁྲི་གྲོང་ཁྱེར་དཔེ་མཛོད་ཁང་དེ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་མཉམ་དུ་དཔྱད་འདེམས་བྱས་པའི“དམངས་ཡོངས་ཀྱི་གྲངས་གཞིའི་བྱང་ཚད་དང་རྩལ་ནུས་གསོ་སྦྱོང་རྟེན་གཞིར”བདམས་ཡོད། ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་གསར་རྩོམ་བྱས་པའི་གླུ་གཞས《ལྷོ་པའི་གཞོན་ནུ》ཞེས་པར་ཀྲུང་དབྱང་དྲིལ་བསྒྲགས་པུའི་སྐབས་བཅུ་དྲུག་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“གཅིག་རེ་ལྔའི་འདུ་འགོད”ཀྱི་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ་ཡོད།
མིག་སྔའི་བར། ལྗོངས་ཡོངས་སུ་སྤྱིར་ན་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་5500བཙུགས་པ་དེ་དག་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་མ་ཟད། བསྐྲུན་ཟིན་པའི་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་76གི་སྒྱུ་རྩལ་ཚོགས་པས་བོད་ཀྱི་རིག་རྩལ་དཔུང་ཁག་ཆེན་པོ་ཁྲི་10གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲོག་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་ཁྱབ་ཡོད།
ལྗོངས་ཡོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གྱི་རྒྱང་ལམ་གསར་པར་སླེབས་པ་དང་ཆབས་ཅིག རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་གཞི་རིམ་གྱི་རིག་གནས་འཐབ་ས་སྟོབས་ཆེར་གཏོང་བའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་དགོན་སྡེར་སྤེལ་བའི་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཞབས་འདེགས་ཞུ་ཡུལ་སྔར་བས་རྒྱ་ཆེར་བཏང་བ། སྤྱི་པའི་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཡིག་ཆ་ཁག་12དངོས་སུ་བཏོན་པ། མ་དངུལ་སྒོར་དུང་ཕྱུར་1.6ལྷག་ཙམ་བཏང་ནས་གྲོང་ཚོ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དཔེ་སྟོན་ཁུལ་100དང་སྤྱི་པའི་རིག་གནས་སྤྲིན་ཚོམ་སོགས་རྣམ་གྲངས་རབ་དང་རིམ་པ་འཛུགས་སྐྲུན་གྱི་ལས་འགན་སྤྱིར་ན་ལེགས་སྒྲུབ་བྱས་པ། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས“ཟློས་གར་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི”འདུ་འགོད་སྤུས་ཚད་མཐོ་པོས་ལག་ལེན་བསྟར་ཡོད།