འཁྲུངས་སྐར་བསུ་བའི་སྙན་དབྱངས་རྟགས་བརྒྱད་མཆོད་པ།
ཡངས་ནོར་འཛིན་སྒེག་མོའི་དབུ་འཕང་མཐོ། །
མཐོ་ཇོ་མོ་གླང་མའི་ས་འཛིན་བརྗིད། །
བརྗིད་མི་ཉམས་སྐུ་དཔངས་སྔར་བས་རྒྱས། །
རྒྱས་རྟེན་འབྲེལ་འཛོམས་པའི་རྟགས་སུ་ཤར། །
ཤར་ལྷུན་པོའི་རྩེ་ནས་སྣང་བྱེད་འཛུམ། །
འཛུམ་ཟེར་བརྒྱ་འབར་ཞིང་སྨག་མུན་བསལ། །
བསལ་རང་མདངས་མ་ཡལ་རྟག་བརྟན་ཚུལ། །
ཚུལ་རྣམ་དག་ཏང་གི་དཔེ་ཟླ་དངོས། །
དངོས་ལོ་རྒྱུས་མཛད་རིམ་གཡུ་ཡི་ཕྲེང་།
ཕྲེང་ཐག་བཟང་མ་ཆད་རྒྱན་དུ་མཚར། །
མཚར་དཔལ་འོད་མི་བཟོད་མར་གད་མདངས། །
མདངས་འཛུམ་མེར་དགུང་སྔོན་དབྱིངས་སུ་དེངས། །
དེང་ལོ་བརྒྱ་འཁོར་བའི་རླབས་ཆེན་ཏང་། །
ཏང་སྐར་ཚོགས་དབུས་ཀྱི་ཉི་ཟླའི་ཚུལ། །
ཚུལ་མི་ཉམས་བསྐྱངས་པའི་མཛད་འཕྲིན་དཔལ། །
དཔལ་ཡོད་རྒུ་འདུས་པའི་རྟགས་བརྒྱད་ལགས། །
ལུགས་རྙིང་པའི་བྲག་རི་ཚལ་བུར་གཏོར། །
སྲོལ་བཟང་པོའི་དགེ་མཚན་ཉེ་བར་འདུས། །
ཐབས་བཟང་པོའི་བཀོད་པ་མངོན་པར་བཤམས། །
འབངས་མགོ་འདྲེན་ཏང་གི་རྒྱལ་མཚན་བསྒྲེངས། །
ཀུན་མི་བཟོད་དྲག་སྤྱོད་རྡུལ་དུ་བསློགས། །
འབངས་མི་སེར་སྙིང་གི་རུམ་དུ་བསྒོམས། །
གཞུང་བཟང་པོའི་རིགས་པ་གྲོགས་སུ་བསྟེན། །
ལམ་ཡང་དག་སྤྱི་ཚོགས་འཁོར་ལོ་བསྐོར། །
ནང་མི་མཐུན་དབྱེན་སྦྱོར་ཟང་ཟིང་ཁྲོད། །
སེམས་མི་བཟོད་རྡབ་རྡེག་ཕོག་ན་ཡང་། །
བརྟན་མི་འགྱུར་དམ་བཅའ་རྡོ་རྗེར་བཟུང་། །
གཞི་མ་འཁྲུགས་དཔལ་བེའུ་རིས་ལྟར་མཛེས། །
ལུས་བག་འཁུམས་རྗེས་ལུས་རྒྱུ་རུ་མཐོང་། །
སེམས་རྙིང་ཞེན་ཡར་རྒྱས་སྒྲོག་ཏུ་རྟོགས། །
ཕྱིར་སྒོ་མོ་འབྱེད་པའི་སྲིད་བཟང་བཏོད། །
ཡུན་མི་རིང་གཏམ་བཟང་དུང་དཀར་གྲགས། །
དུས་མི་སྡོད་ཉེར་གཅིག་དུས་རབས་ཚེས། །
མཛེས་མེས་རྒྱལ་དཔལ་ཡོན་ཡར་ངོའི་ཟླ། །
ཕྱི་དངོས་པོའི་མཁོས་དགུ་འཛོམས་པའི་ཁར། །
ནང་བསམ་པའི་རིག་གནས་པད་མ་རྒྱས། །
སྒོས་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན་དུ། །
ཕྱོགས་རིས་མེད་ཀུན་ལ་གསོན་ཤུགས་འབར། །
དགེ་ལེགས་ཚོགས་མ་ལུས་དམངས་ལ་བྱིན། །
མཐུན་ཏང་དམངས་ཆུ་དང་གསེར་ཉ་བཞིན། །
སྙན་གྲགས་པའི་མཚན་བཟང་མི་ཉམས་ཕྱིར། །
ཏང་ནན་པོས་སྐྱོང་བའི་མཛད་ཇུས་བཏོན། །
ཕྱི་སྤྱོད་ཚུལ་གཙང་མའི་ཡོན་ཏན་བསྲུངས། །
རིན་བྲལ་མེད་དགོངས་དོན་བུམ་བཟང་གཏམས། །
དྲིན་བཟང་པོའི་ཏང་གི་མགོན་སྐྱབས་འོག །
ངེད་མེས་རྒྱལ་མངའ་ཐང་ལོངས་སྤྱོད་རྫོགས། །
དམངས་བདེ་སྐྱིད་ཚོར་སྣང་ཉིན་བཞིན་འཕེལ། །
ཀུན་མཐུན་སྡེབ་ངོ་མཚར་གདུགས་སུ་ཕུབ། །
དཔལ་ཏང་གི་འཁྲུངས་སྐར་ཉིན་མོ་ལ། །
མཛེས་བཀྲ་ཤིས་རྟགས་མཚན་བརྒྱད་པོ་ལས། །
དཔལ་ཡོན་ཏན་མངོན་པའི་དགེ་མཚན་འདིས། །
མཛེས་མེས་རྒྱལ་མངའ་ཐང་ཡུན་གནས་ཤོག །