དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • བོད་ལྗོངས་རྟེན་མཛོད་ཁང་གིས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བའི་ཐབས་ལམ་གསར་པ་འཚོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད། —— “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་དགོས།

    1977ལོར་ཆབ་མདོ་ཨར་འདམ་བཟོ་གྲྭའི་བཟོ་པས་བཟོ་ཁང་བསྐྲུན་སྐབས་ཁ་རུབ་གནའ་ཤུལ་རྙེད།

    ད་བར་ལོ་ངོ་4000ནས་5000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྙིང་པ་ནས་ཐོན་སྐྱེད་ཀྱི་ཡོ་བྱད་དང་རྡོ་ཆས་མང་པོ་ཞིག་རྙེད་པ་ཕུད། ད་དུང་རྫ་ཆས་ཚོན་རིས་མ་དང་། རུས་པ་སྙུང་མགོ་གཟུགས། རུས་ཁབ། དེ་བཞིན་གཡང་ཊི་དང་། རུས་པའི་རྣ་ལོང་དང་ལག་གདུབ་སོགས་ཀྱི་རྒྱན་ཆ་ཡང་རྙེད་ཡོད།

    དེའི་ནང་བཟོ་སྐྲུན་སྤུས་ལེགས་དང་། བཟོ་དབྱིབས་དམིགས་བསལ་ཅན། སྒྱུ་རྩལ་དང་དངོས་སྤྱོད་རང་བཞིན་ལྡན་པ་བཅས་ཀྱི་མཚལ་བཟོས་སྣག་ཚའི་རི་མོ་བྲིས་པའི་རྫ་བུམ་གཟུགས་གཉིས་མ་དེར་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། བོད་ཀྱི་ས་གནས་རིག་གནས་ཀྱི་སྔ་དུས་ཀྱི་མཚོན་བྱེད་ཡིན་པའི་ངོས་ནས་འདི་ཉིད་བོད་ལྗོངས་རྟེན་མཛོད་ཁང་གི་ནོར་བུར་གྱུར།

    མིག་སྔར། མཚལ་བཟོས་སྣག་ཚའི་རི་མོ་བྲིས་པའི་རྫ་བུམ་གཟུགས་གཉིས་མ་དེའི་གཞི་སྔོན་པོ་ཡིན་པ་དང་། བོད་ལྗོངས་རྟེན་མཛོད་ཁང་གིས་རིག་གནས་བློ་གསར་གྱི་ཐོན་རྫས་རབ་དང་རིམ་པ་ཞིབ་བཟོ་བྱས་ཏེ་འགྲེམས་ཁང་དང་པོའི་རིག་གནས་བློ་གསར་ཁང་དུ་བཤམས་པར་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

    རྫ་བུམ་གཟུགས་གཉིས་མ་ནི་ཉེ་བའི་ལོ་ཤས་རིང་བོད་ལྗོངས་རྟེན་མཛོད་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་རིགས་ཆེ་གྲས་10ཡི་རིགས་30ཡི་འདྲ་བཟོ་ཐེངས་མང་བྱས་པའི་རིག་གནས་བློ་གསར་ཐོན་རྫས་རབ་དང་རིམ་པའི་གྲས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫ་བུམ་གཟུགས་གཉིས་མའི་རིག་གནས་བློ་གསར་ཐོན་རྫས་རབ་དང་རིམ་པ་ཕུད། བོད་ལྗོངས་རྟེན་མཛོད་ཁང་གིས་ཞིབ་འཇུག་གསར་སྤེལ་དང་འདྲ་བཟོ་ཐེངས་མང་བྱས་པའི་རིགས་ནང་ད་དུང་རྫ་ཆས་ཀྱི་རིགས་དང་། ཅིང་ཐའེ་ལན་གྱི་རྫ་ཆས་སྔོན་པོ། སྲིན་མོ་གན་རྐྱལ་དུ་ཉལ་བའི་ཐང་ག་སོགས་ཚུད་པའི་རིག་གནས་བློ་གསར་ཐོན་རྫས་བཏོན་ཡོད་པ་རེད།

    བོད་ལྗོངས་རྟེན་མཛོད་ཁང་རིག་གནས་བློ་གསར་ཁང་ནས་གསར་འགོད་པས་མཐོང་གསལ། རིག་དངོས་འདྲ་བཟོ་བྱས་པའི་བཟོ་རྩལ་ཐོན་རྫས་ནས་སྤྱོད་གོ་ཆོད་པའི་རྫ་ཆས་ཐོན་རྫས་བར་དང་། དེ་བཞིན་བོད་ཀྱི་རིག་གནས་མཚོན་རྟགས་ཀྱིས་ཁེངས་པའི་འཚེམ་དྲུབ་ཐང་ག་དང་བོད་ཀྱི་འབག ད་དུང“བོད་ལྗོངས་རྟེན་མཛོད་ཁང”ཞེས་བྲིས་པའི་སྤྲོ་གསེང་ཁུག་མ་སོགས་འཚོ་བའི་རིགས་དང་ཡིག་ཆས་རིགས་ཀྱི་རིག་གནས་བློ་གསར་ཐོན་རྫས་ཚང་མར་གནའ་ཉམས་དོད་པ་དང་དེང་དུས་ཀྱི་ཉམས་འགྱུར་མཉམ་དུ་འདུས་པས་རིག་དངོས་ཀྱི་རླབས་རྒྱུན་གཅིག་ཏུ་གྱུར་ནས་བོད་དུ་ཡོང་མཁན་ཡུལ་སྐོར་བས་ཉོ་མང་ཤོས་ཀྱི་ལག་རྟགས་ཡག་ཤོས་སུ་གྱུར།

    ལྷག་པར་དུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ཨ་ཁུ་སྟོན་པ་མ་དཔེར་བྱས་པའི་ཐོག་མའི་IPམི་སྣ་ཨ་ཁུ་སྟོན་པའི་གཟུགས་བརྙན་དང་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་བུད་མེད་ཀྱི་སྲོལ་རྒྱུན་རྒྱན་གོས་གཞི་རྒྱུར་བྱེད་པའི་སྙིང་རྗེ་མོ་ལགས་ཀྱི་མུ་འབྲེལ་ཐོན་རྫས་རིགས་ནི་མིག་སྔར་ཁྲོམ་རར་དགའ་བསུ་ཆེ་ཤོས་ཐོབ་པའི་རིག་གནས་བློ་གསར་གྱི་ཐོན་རྫས་ཤིག་རེད།

    སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་སྣང་ཆེན་དང་མིག་སྔའི་འཚོ་བ་དང་ཡང་ཟུང་འབྲེལ་བྱས་ཏེ་རིག་དངོས་གསོན་ཤུགས་འཕེལ་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཉར་ཚགས་བྱས་པའི་རིག་དངོས་ཁྲི་52ལ་བརྟེན་ནས་བོད་ལྗོངས་རྟེན་མཛོད་ཁང་གིས་ད་བར་གསར་སྤེལ་བྱས་པའི་རིག་གནས་བློ་གསར་ཐོན་རྫས་མང་ཤོས་ཁྲི་20ལྷག་ཙམ་ཟིན་ཡོད། རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་རིག་དངོས་གཞི་རྒྱུ་གཙོ་བོར་བྱེད་པའི་ཐོན་རྫས་ཕུད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་ད་དུང་མཐོ་སློབ་དང་རང་ལྗོངས་ཀྱི་གཞི་རིམ་གྱི་དབང་པོ་སྐྱོན་ཅན་གྱི་ཁེ་ལས་ཁག་གཅིག་དང་མཉམ་ལས་བྱས་ནས་བོད་ཀྱི་གཞི་རྒྱུ་མང་བའི་རིག་གནས་བློ་གསར་ཐོན་རྫས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།