གསར་འགྱུར་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།
བོད་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་མཚར་སྡུག་རྣམ་པར་བཀྲ་བའི་ཤེས་རིག་གི་འོད་སྣང་གསལ་བར་མཛད་ཡོད་ལ་རང་ཉིད་ཀྱི་འབད་པ་ཧུར་ལེན་ལ་བརྟེན་ནས་གཞན་སུ་ལའང་སྨོན་མི་དགོས་པའི་མཆོག་ནོར་བགྲངས་ཀྱིས་མི་ལངས་བ་འཇོག་གནང་ཡོད་པའི་ཁྲོད་ཡིག་སྒྱུར་བྱ་གཞག་དེའང་ཚུད་ཡོད། ཡིག་སྒྱུར་གྱི་བྱ་གཞག་དེ་ནི་རིག་གཞུང་གི་ཁོངས་སུ་གཏོགས་པ་མ་ཟད། རྣམ་ཀུན་ང་ཚོའི་འཚོ་བའི་ཁྲོད་ལའང་ཧ་ཅང་གལ་འགངས་ཆེ་ཞིང་མེད་དུ་མི་རུང་བ་ཞིག་རེད། ལོ་ཙཱ་བ་ཞིག་ཡིན་ཕྱིན་ཡི་གེ་ཁོ་ན་སྒྱུར་ཐུབ་པ་ཙམ་གྱིས་མི་འགྲིག་པར་ངེས་པར་དུ་ཡིག་སྒྱུར་གྱི་སྒྱུར་སྲོལ་བཟང་པོ་ཞིག་ལྡན་དགོས་པ་སྟེ། འགན་འཁུར་གྱི་བསམ་བློ་དང་། མཐའ་གཉིས་སུ་མ་ལྷུང་བའི་སྤྱོད་པ་ཞིག་ཡོད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། ལོ་ཙཱ་བ་ཞིག་ལ་ཡིག་སྒྱུར་གྱི་སྲོལ་བཟང་དེ་གཉིས་ལྡན་ན་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་། སྤྱི་ཚོགས་དར་རྒྱས། དཔལ་འབྱོར་འཕེལ་རྒྱས་སོགས་གང་ས་ཅི་ཐད་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་ཐུབ་ངེས་རེད།
དང་པོ། ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་མདོ་ཙམ་བརྗོད་པ།
བོད་དུ་གནའ་སྔ་མོ་ནས་ལོ་ཙཱ་བའི་ཐོག་མར་གྲགས་པའི་སློབ་དཔོན་ཐོན་མི་ནས་འགོ་བཙུགས་ཏེ་སྔོན་བྱོན་ལོ་ཙཱ་བ་ཆེ་མོ་མང་པོ་བྱུང་ཡོད་ཅིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེ་མོ་བཻ་རོ་ཙ་ན་དང་ཕྱིས་ཀྱི་ལོ་ཙཱ་བ་ཆེ་མོ་སྐ་ཅོག་ཞང་གསུམ་དང་དེ་བཞིན་ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི་ཤཱཀྱ་ཡེ་ཤེས། རྔོག་ལོ་ཡབ་སྲས། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ལོ་ཆེན་མང་པོ་བྱོན་ཞིང་། ཁོང་རྣམ་པའི་བཀའ་དྲིན་ལས་ད་ལྟ་ང་ཚོ་ཕྱི་རབས་པ་རྣམས་གཞན་གྱི་མདུན་དུ་ངོ་གནོངས་མི་དགོས་པའི་རིན་བྲལ་གྱི་ནོར་བུ་མང་དུ་འཇོག་གནང་ཡོད་ལ་ད་ལྟ་ང་ཚོ་ཕྱི་རབས་པ་རྣམས་ལ་ཟ་མ་ཚོད་མ་ཞིག་ཟ་ཆོག་ཆོག་ལྟ་བུ་ཞིག་ཆགས་ཡོད། དེ་ཡང་ཡིག་སྒྱུར་ནི་མི་རིགས་དབར་གྱི་སྐད་བརྡའི་བཀག་རྒྱ་བསལ་ཏེ་གོ་བརྡ་སྤྲོད་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པ་མ་ཟད། བསམ་བློ་དང་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་ཡིན།
སྤྱིར་ན་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མི་རིགས་ཕན་ཚུན་འབྲེལ་འདྲིས་བྱུང་བ་ནས་བཟུང་ལོ་ཙཱ་བ་བྱུང་ཡོད་པ་དེ་དག་ནི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ངེས་པར་དུ་བརྒྱུད་དགོས་པའི་ཆོས་ཉིད་ཀྱང་རེད། འཛམ་གླིང་ཐོག་གི་མི་རིགས་སུ་འདྲ་ཞིག་ཡིན་རུང་འཕེལ་རྒྱས་འགྲོ་བར་རང་གཅིག་པུའི་རིག་གནས་ལ་བརྟེན་ན་རྩ་བ་ནས་ཡོང་ཐབས་བྲལ། དེར་བརྟེན་སྤྱི་ཚོགས་འཕེལ་རྒྱས་དང་རིག་གཞུང་དར་རྒྱས་གཏོང་དགོས་ན་རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལེགས་ཆ་ཕུད་ད་དུང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་རྣམས་ལེན་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་ཀ་ཞིག་རེད། ང་ཚོས་ཕྱི་རྒྱལ་གྱི་སྐད་ཡིག་སྦྱོང་བ་དང་མི་རིགས་གཞན་གྱི་སྐད་ཡིག་སྦྱོང་བའི་མཐར་གཏུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་གི་སྔོན་ཐོན་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་སོགས་སློབ་སྦྱོང་བྱས་ཏེ་རང་མི་རིགས་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཐབས་བྱ་རྒྱུ་དེ་ཡིན་ལ་ཕྱོགས་གཞན་ཞིག་ནས་བཤད་ན་རང་སོ་སོའི་ཕུན་སུམ་ཚོགས་པའི་རིག་གནས་དང་བློ་གྲོས་ཀྱི་ཉིང་བཅུད་དག་གཞན་དག་ལ་ངོ་སྤྲོད་བྱེད་པ་དེའང་རེད།
གཉིས་པ། ལོ་ཙཱ་བར་སྒྱུར་སྲོལ་བཟང་པོ་ལྡན་དགོས་པ།
ཐོག་མར་ང་ཚོས་ལས་ཀ་གང་འདྲ་ཞིག་ལ་འཇུག་རུང་ཀུན་སྤྱོད་ནི་ཐམས་ཅད་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་གསལ་པོར་ཤེས་དགོས། གལ་ཏེ་ཀུན་སྤྱོད་བཟང་པོ་ཞིག་མེད་ན་བྱ་བ་ཅི་འདྲ་ཞིག་སྒྲུབ་རུང་བྱ་བ་དེ་ཚད་དང་ལྡན་པ་ཞིག་གམ་ཡང་ན་སྤུས་ལེགས་ཤིག་ཡོང་ཐབས་བྲལ། དེར་བརྟེན་ཡིག་སྒྱུར་གྱི་བྱ་བར་འཇུག་མཁན་ཞིག་གི་ངོས་ནས་བརྗོད་ན། སྒྱུར་སྲོལ་བཟང་པོ་ཞིག་མེད་ཚེ་གང་དེའི་སྒྱུར་ཡིག་དེ་སྤུས་ཚད་ཇི་འདྲ་ལེགས་ནའང་མཐར་ཐུག་ངེས་པ་དོན་གྱི་སྒྱུར་མ་ཡག་པོ་ཞིག་ཡོང་བ་ནི་ཆེས་དཀའ་མོ་ཞིག་ཡིན་པས། རང་རེའི་རྒྱུད་ལ་སྒྱུར་སྲོལ་བཟང་པོ་ཞིག་དགོས་རྒྱུ་ནི་ཆེས་གལ་ཆེན་ཞིག་རེད་སྙམ།
1.ལོ་ཙཱ་བར་འགན་འཁུར་གྱི་བསམ་བློ་ལྡན་དགོས་པ། ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་སྐད་རིགས་གཉིས་ལ་བྱང་ཆུབ་པ་ཞིག་ཡིན་དགོས་པ་དང་། སྐད་གཉིས་དབར་གྱི་རིག་གནས་ཀྱི་བྱང་ཚད་མཐོ་པོ་དགོས་པ་མ་ཟད་འགན་འཁུར་གྱི་བསམ་བློ་ཡང་དག་པ་ཞིག་ལྡན་དགོས་པ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་སྨོས་མི་དགོས་པས། གལ་ཏེ་སྒྱུར་ཡིག་གི་སྤུས་ཚད་འགན་ལེན་བྱེད་དགོས་ན་ཕྱོགས་གཉིས་ཀར་དམ་འཛིན་བྱེད་དགོས་པ་ནི་དགོས་གལ་ཤིན་ཏུ་ཆེའོ། སྔར་ནས་ད་བར་སྤྱི་ཚོགས་འཛུགས་སྐྲུན་དང་རིག་གནས་གོང་འཕེལ་གཏོང་བར་ཚད་ལྡན་གྱི་ཡིག་སྒྱུར་དཔུང་ཁག་ཅིག་མེད་དུ་མི་རུང་བ་ཡིན་པ་དང་། དེང་གི་དུས་འདིར་རང་རེའི་བོད་ལ་ཡང་ལོ་ཙཱ་བ་ཕོན་ཆེན་ཞིག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་དེ་ནི་དགའ་འོས་པ་ཞིག་དང་རང་རེའི་རིག་གནས་གོང་འཕེལ་འགྲོ་བའི་སྔ་ལྟས་བཟང་པོ་ཞིག་ཀྱང་རེད། ཡིག་སྒྱུར་བྱ་གཞག་ཐད་ནས་བརྗོད་ན་སྤྱིར་ཡིག་སྒྱུར་ཁྱབ་རྒྱ་ཆེ་ཞིང་ལོ་ཙཱ་བའི་ཁ་གྲངས་མི་ཉུང་བ་ཞིག་ཡོད་མོད་ཀྱང་ཤེས་བྱའི་བྱང་ཚད་དང་ལྟ་རྒྱ་ཐོས་རྒྱ་ཆུང་བའི་དབང་གིས་བསྒྱུར་བྱའི་དོན་ལོག་པ་དང་། དོན་འགལ་བ། སྒྱུར་བྱེད་ཚིག་སྐྱོན་ཅན་དང་། བརྗོད་པ་མི་བདེ་བ་སོགས་ཞན་ཆ་མང་པོ་གནས་པ་ནི་རྣམ་སྤྱོད་ཡངས་པའི་མཁས་པས་མཁྱེན་གསལ་ལགས། “ལོ་ཙཱ་བ་ཞིག་ལ་མཚོན་ན་བསྒྱུར་བྱའི་མ་རྩོམ་ལ་གོ་བ་ཡག་པོ་ལོན་པ་དང་སྒྱུར་བྱེད་བུ་ཡིག་གི་འབྲི་རྩལ་ལ་བྱང་ཆུབ་པ་སྟེ། དཔེར་ན། རྒྱ་ཡིག་གི་མ་རྩོམ་ཞིག་བོད་ཡིག་ཏུ་སྒྱུར་ན་རྒྱ་ཡིག་གི་མ་རྩོམ་དེའི་མིང་དང་དོན་སོ་སོ་དཔྱིས་ཕྱིན་པ་རྟོགས་དགོས་པ་དང་། བོད་ཡིག་གི་འབྲི་རྩལ་ལ་བྱང་ཞིང་སྨྱུག་རྩེ་ཇི་འདོད་དུ་སྒྱུར་ཐུབ་པ་ཞིག་དགོས། གལ་ཏེ་བོད་ཡིག་གི་བསྒྱུར་བྱ་ཞིག་རྒྱ་ཡིག་ཏུ་སྒྱུར་དགོས་ན་བོད་ཡིག་གི་མ་རྩོམ་དེར་གོ་བ་ཡག་པོ་ལོན་དགོས་པ་མ་ཟད་རྒྱ་ཡིག་གི་རྩོམ་འབྲི་བར་མཁས་ཤིང་དོན་ཇི་མ་ཇི་བཞིན་དུ་བརྗོད་མཁས་པོ་དགོས་པ་སྟེ། མདོར་ན་སྐད་ཡིག་གཉིས་ཀར་ཐོས་སྦྱངས་མི་དམན་པ་ཞིག་གིས་མ་གཏོགས་ཡིག་སྒྱུར་བྱ་རྒྱུ་ནི་ཤིན་ཏུ་དཀའ”ཞེས་གསུངས་པ་ལྟར་སྐད་གཉིས་ལ་སྦྱངས་པ་ཕྲན་བུ་བྱས་པ་ཙམ་གྱིས་ཡིག་སྒྱུར་བྱས་ན་སྒྱུར་ཡིག་ལ་སྐྱོན་ཆ་དང་ནོར་འཁྲུལ་ཧ་ཅང་མང་པོ་ལྷག་རྒྱུ་ཡིན་པ་བརྗོད་མི་དགོས་པ་ཞིག་ཡིན་པ་དང་དེ་ལྟ་བུའི་བྱེད་སྟངས་ནི་འགན་འཁུར་གྱི་བསམ་བློ་ཡེ་ནས་མེད་པ་སྨོས་མི་དགོས་པ་རེད། གལ་ཏེ་ལོ་ཙཱ་བ་ཞིག་ལ་འགན་འཁུར་གྱི་བསམ་བློ་ནན་པོ་ཞིག་མེད་པར་ཡིག་སྒྱུར་བྱེད་སྐབས་རང་སྣང་གང་ཤར་གྱིས་ཅི་བསམ་པ་དེ་སྒྱུར་བའམ་ཡང་ན་ཁེ་ཕན་གྱི་དབང་དུ་སོང་སྟེ་སྒྱུར་ཡིག་ལ་འཁྱོག་བཤད་དང་སྒྲོ་འདོགས་སོགས་བྱེད་ན་དེས་རང་ཉིད་ཙམ་མ་ཟད་མི་མང་པོ་ཞིག་འཕུང་རྒྱུ་ཉག་ཅིག་རེད།
2.ལོ་ཙཱ་བར་མཐའ་གཉིས་སུ་མི་ལྷུང་བའི་སྤྱོད་པ་ཞིག་ཡོད་དགོས་པ། གོང་དུ་བརྗོད་པ་ལྟར་ལོ་ཙཱ་བར་འགན་འཁུར་གྱི་བསམ་བློ་ཞིག་མེད་ཚེ་བྱ་བ་ཅི་ཞིག་སྒྲུབ་རུང་ལེགས་པར་སྒྲུབ་ཐུབ་རྒྱུ་ནི་ཆེས་དཀའ་མོ་ཞིག་རེད། འོན་ཀྱང་འགན་འཁུར་གྱི་བསམ་བློ་ཡོད་པ་ཁོ་ནས་མི་འགྲིག་ཅིང་། ད་དུང་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་སྤྱོད་པ་ཞིག་ཡོད་དགོས། ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་ཉེ་རིང་དང་བྲལ་ཞིང་མཐའ་གཉིས་སུ་མི་ལྷུང་བའི་དྲང་བདེན་གྱི་བསམ་བློ་ཞིག་ཡོད་དགོས་པ་དེ་ཆེས་གལ་ཆེ་མོ་ཞིག་རེད། ཡིག་སྒྱུར་ལས་ཀ་བྱེད་མཁན་ཞིག་གིས་མ་ཡིག་ལ་གོ་བ་ཡག་པོ་མ་བླངས་པར་རང་འདོད་ལྟར་སྣོན་འཕྲི་དང་དེ་བཞིན་རང་མོས་ངང་གང་བསམ་དང་གང་དྲན་གྱིས་ཡིག་སྒྱུར་བྱེད་མི་རུང་བ་ཞིག་རེད། དེའི་ཐད་མཁས་པའི་དབང་པོ་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས“བསྒྱུར་བྱེད་ལོ་ཙཱ་བ་རྣམས་ཀྱིས་འདི་ཉིད་འཇིག་རྟེན་དུ་ཡུན་རིང་གནས་ན་ཅི་མི་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཕྱོགས་སུ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློ་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གི་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་ཏེ་ལེགས་དྲིས་ཤིང་ཐེ་ཚོམ་བཅད་ནས་ཚིག་གསལ་ཞིང་གོ་བདེ་བའི་དོན་དང་མི་འགལ་བ་བྱས་ཏེ་ལེགས་པར་བསྒྱུར་ན་རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བ་ནུས་ཤིང”ཞེས་དང་གཞན་ཡང་ཁོང་གིས“གཞན་དུ་ན་རང་ཉིད་མཁས་མིན་ཡང་མཁས་རློམ་པས་དྲེགས། གཞན་མཁས་པར་གྱུར་ཀྱང་དེ་ལ་ཕྱོགས་སུ་ལྷུང་བའི་ཡིད་སྡང་བས་བློ་མིག་བསྒྲིབས”ཞེས་གསུངས་པ་དེ་ལས་ཡིག་སྒྱུར་གྱི་ཕྱག་ལས་ གནང་མཁན་ཞིག་གི་ངོས་ནས་བཤད་ན་རང་གི་ཁེ་ཕན་དང་མིང་གྲགས་ཁོ་ནའི་དབང་དུ་སོང་ནས་ཡིག་སྒྱུར་གྱི་བྱ་བར་འཇུག་ཚེ་དེ་ནི་ཧ་ཅང་གནོད་པ་ཆེན་པོ་ཡིན་པ་གསལ་པོར་སྟོན་གནང་མཛད་ཡོད་ལ་དེ་ནི་ཅི་འདྲའི་གནད་ལ་འཁེལ་ བའི་བསླབ་བྱ་ཟབ་མོ་ཞིག་རེད་ཨང་། ཡིག་སྒྱུར་ཕྱག་ལས་གནང་མཁན་ཞིག་གིས་ངེས་པར་དུ་རང་སྐྱོན་རང་གིས་མཐོང་དགོས་ཤིང་། རང་གིས་མ་ཤེས་པ་ཞིག་ཡིན་ན་ངོ་ཚ་མེད་པར་རང་ལས་དམན་པར་འདྲི་བར་འོས་པ་དང་ལྷག་པར་དུ་གཟུ་བོར་གནས་པའི་བློ་ཞིག་དགོས་རྒྱུ་ནི་ལོ་ཙཱ་བ་ཞིག་གི་ངོས་ནས་བརྗོད་ན་དེ་ནི་ངེས་པར་དུ་ཚང་དགོས་པའི་སྲོལ་བཟང་ཞིག་ཀྱང་རེད།
གཞན་ཡང་བློ་གཟུ་བོར་གནས་དགོས་པའི་ཐད་ལ་རང་རྒྱལ་གྱི་གྲགས་ཅན་རྩོམ་པ་པོ་སྐུ་ཞབས་ལུའུ་ཞུན་མཆོག་གིས“ངས་འཇར་པན་གྱི་རྩོམ་པ་པོ་ཁག་གཅིག་གིས་བྲིས་པའི་མ་རྩོམ་ཡིག་སྒྱུར་བྱེད་སྐབས་རྩོམ་གྱི་འགོ་ནས་མཇུག་བར་གྱི་ནང་དོན་ལ་ངའི་བློ་དང་མི་མཐུན་པ་མང་པོ་ཡོད་མོད། འོན་ཀྱང་ངས་ཡིག་སྒྱུར་བྱེད་སྐབས་སྣོན་འཕྲི་དང་དོན་ལོག་པར་ཕབ་སྒྱུར་རྩ་བ་ནས་བྱེད་ཀྱི་མེད”ཅེས་གསུངས་མྱོང་བ་དེ་ཐོག་ནས་ཁོང་ལ་མཐའ་གཉིས་སུ་མ་ལྷུང་བའི་གཟུ་བོར་གནས་པའི་བློ་ཞིག་ཡོད་པ་མངོན་སུམ་དུ་མཚོན་ཐུབ་པ་མ་ཟད། ལོ་ཙཱ་བ་ཞིག་ལ་ལྡན་དགོས་པའི་བླ་ན་མེད་པའི་ཡིག་སྒྱུར་སྲོལ་བཟང་དེ་ཡང་ཤུགས་ཀྱིས་མཚོན་ཐུབ་ཀྱི་ཡོད། ཁོང་གི་བླ་མེད་ཀྱི་སྤྱོད་བཟང་དེ་ལྟ་བུ་ནི་ཡིག་སྒྱུར་བ་ཞིག་ཡིན་ཕྱིན་ངེས་པར་དུ་སློབ་སྦྱོང་ཞུ་འོས་པ་དང་སྲུང་བྱའི་གདམ་ངག་ལྟ་བུ་རེད། རང་རེའི་ཡུལ་འདིར་མཚོན་ནས་བཤད་ན་སྔོན་བྱོན་བཙན་པོ་དྲིན་པོ་ཆེ་རྣམས་ཀྱི་སྐུ་དུས་སུ་ལོ་ཆེན་དང་ལོ་ཆུང་སོགས་ཁྱད་དུ་འཕགས་པའི་ལོ་ཙཱ་བ་དུ་མས་རང་གི་ཁེ་འདོད་དང་གྲགས་འདོད་སོགས་རྒྱབ་ཏུ་བསྐྱུར་ནས་དམིགས་པ་རྩེ་གཅིག་ཏུ་རིག་གཞུང་གོང་འཕེལ་གཏོང་བའི་ཐད་བྱས་རྗེས་རེ་འཇོག་ཐུབ་ན་དགོངས་ཏེ་དཀའ་བ་དཔག་མེད་ཁྱད་དུ་བསད་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་གཏོད་ཡོད་པས། ད་གཟོད་གཞི་ནས་ང་ཚོའི་མིག་མདུན་དུ་སྒྲ་སྦྱོར་བམ་གཉིས་ལ་སོགས་པའི་ཚད་ལྡན་གྱི་སྒྲ་སྒྱུར་གཞུང་ལུགས་མང་པོ་འཇལ་རྒྱུ་བྱུང་ཡོད། གལ་ཏེ་ཁོང་རྣམས་ལ་མཐའ་གཉིས་སུ་མ་ལྷུང་བའི་བློ་ཞིག་མེད་པར་རང་ཉིད་ཀྱི་ཁེ་ཕན་དང་གྲགས་འདོད་ཁོ་ནའི་དབང་དུ་རང་སྣང་གང་ཤར་དང་། འཁྱོག་བཤད། སྒྲོ་འདོགས་སོགས་གནང་ན་ད་ལྟ་ང་ཚོར་སྐྱོན་གྱིས་སྦགས་པའི་རིག་གནས་ཤིག་ལས་གཞན་ཅི་ཡང་རག་མི་སྲིད། དེར་བརྟེན་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་ཚོས་ཡིག་སྒྱུར་སྐབས་རང་གཅིག་པུའི་མིང་གྲགས་དང་ཁེ་ཕན་ལ་བསམ་བློ་མི་གཏོང་བར། བློ་གཟུ་བོར་གནས་ཏེ་རིག་གནས་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་རེ་སྒྲུབ་ཐུབ་ན་དེ་ནི་ཧ་ཅང་གི་ལེགས་པོ་ཞིག་རེད་སྙམ། མདོར་ན་ང་ཚོས་ནམ་ཀུན་ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་དྲང་བདེན་དང་གཞུང་དྲང་གི་སྒོ་ནས་ཕྱོགས་ལྷུང་མེད་པར་གཞོལ་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ། བསྟན་འཛིན་བློ་གྲོས)