དབུ་ཤོག>བོད་ཀྱི་རིག་གནས།
  • དེང་རབས་གྲོང་ཚོ་མཚར་པ་ནང་། གནའ་བོའི་རྣམ་ཐར་སྙན་ལྷང་ལྷང་།

    —— ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོར་བཅར་འདྲིར་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག ཚེ་བརྟན་གཡུ་སྒྲོན། སྤེན་པ།   |     སྤེལ་དུས།  2023-06-27

    འདི་ནི་འཁྲབ་སྟོན་པ་རྣམས་ཀྱིས་ལྷ་མོའི་གྲ་སྒྲིག་བྱེད་བཞིན་པ། 

    དཔྱིད་ཀྱི་དྲོད་རླུང་ཡང་ནས་ཡང་དུ་ལྡང་། རྩྭ་རྩི་ཤིང་གི་འདབ་མས་གཏི་མུག་གཉིད་ལས་སད་པ་ལྟར་རྐྱོང་ཤད་བྱེད་བཞིན་སྤུ་སྡུག་བྱ་བྱིའུ་མགྲོན་དུ་བསུ་བར་བྲེལ། ངེད་ཚོ་བཅར་འདྲི་ཚོགས་ཆུང་ལྷ་ས་སྐྱིད་ཆུའི་སྨད་རྒྱུད་དུ་ཆགས་པའི་ཆུ་ཤུར་རྫོང་དུ་སྐྱོད་སྐབས། གནའ་བོའི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཟབ་པའི་ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོ་ཡི་དྭངས་གཙང་ཆུ་མོའི་ངོས་སུ་སྐྱར་མོས་ཅི་དགར་མཐུན་སྡེབ་ཀྱི་གསུང་སྙན་སྒྲོག་བཞིན་འདུག

    འདི་ནི་ལྷ་མོའི་འཁྲབ་སྟོན་བྱེད་བཞིན་པ།

    མི་ཉམས་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་ལྷ་མོའི་སྒྱུ་རྩལ།

    ས་ཆ་དེ་དག་ད་ཆ་ཡུལ་སྐོར་བའི་ཉ་འཛིན་སོས་དལ་གྱི་ངལ་གསོ་བྱེད་ས་བཟོས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་ཁུངས་གྲས་སུ་གྱུར། ཤར་ནུབ་ཀྱི་རི་བོའི་དཔངས་མཐོ་པོ་དེ་ཙམ་མེད་པས་ཉི་མའི་བྱོན་ལམ་བདེ་བ་ཙམ་མ་ཟད། སྐྱེ་ཁམས་ཀྱི་འདོད་ཡོན་ལོངས་སྤྱོད་ཅིག་ང་ཚོའི་ལུས་ལ་དེ་མུར་ཚོར་འོང་།

    ལྷ་ས་དང་གོང་དཀར་བར་གྱི་གཞུང་ལམ་རྙིང་པའི་འགྲམ་ངོགས་ན་གསལ་བྱེད་གླིང་ཞེས་གནའ་བོའི་དགོན་ཆུང་ཞིག་ཆགས་པ་དང་། དེ་གའི་འགྲམ་ན་གྲོང་ཚོའི་རིག་གནས་བྱེད་སྒོ་སྤེལ་ཡུལ་བསྐྲུན་འདུག ངེད་ཚོ་དེ་གར་འབྱོར་མ་ཐག་མིག་ལམ་དུ་འཆར་བ་ནི་ཡུལ་མི་ཁག་གཅིག་གིས་ལྷ་མོའི་ཟློས་གར་གྱི་འཁྲབ་ཆས་གྱོན་པ་དང་། དེ་ལྟའི་མུ་ལ་གཟབ་རྡུང་གཟབ་གཡོག་གཉིས་པོའི་རྔ་སྦུག་གི་སྒྲ་དབྱངས་ངར་མ་དང་བསྟུན་ནས། རིམ་བཞིན་རྔོན་པའི་ས་སྦྱང་ས་འདུལ་དང་དེ་ནས་རྒྱ་ལུའི་བྱིན་འབེབས། དེ་རྗེས་ལྷ་མོའི་པད་ཀོར་འཁྲབ་ཁྱེར་སོགས་དལ་བྲེལ་སྙོམས་པོར་གྲགས་འོང་བའི་རྔ་སྦུག་གི་རོལ་མོའི་བབ་ལ་བསྟུན་ནས་ཕོ་འཁྲབ་མོ་འཁྲབ་དང་བཅས་པ་སྡིངས་ཆའི་ཐོག་ཏུ་འབྱོར།

    སྔོན་ཆད་མཚར་པ་ནང་གི་ལྷ་མོའི་འཁྲབ་སྲོལ་གྱི་མིང་གྲགས་དེ་ཙམ་ཐོས་མྱོང་མེད་རྐྱེན། ང་ཚོའི་ཡིད་ཀྱི་དོགས་གནད་བསལ་ཆེད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པ་སངས་ནོར་བུས་ངེད་ཚོར་སྣེ་ཤན་གྱི་དོད་དུ་གྲོང་ཚོ་ཧྲིལ་པོའི་གནའ་དེང་གི་གསང་བ་མང་པོ་ཀྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་དུ་བཤམས།

    ད་ལོ་ལོ་45ལ་སླེབས་པའི་ཧྲུའུ་ཅི་གཞོན་པ་ཁོང་ནི་མི་ཚང་གི་ཕ་རྒན་ཞིག་ལྟར་གྲོང་ཚོའི་ལས་དོན་ཆེ་ཆུང་གང་ཅིར་ཐུགས་རྒྱུས་ཧ་ཅང་ཟབ། ཁོང་གིས་ངོ་སྤྲོད་གནང་དོན། དེ་རིང་གི་ནང་སྦྱོང་འཁྲབ་བྱ་འདི་ནི་རྩ་སྟོངས་འགྲོ་ཉེར་ཡོད་པའི་དམངས་ཁྲོད་ལྷ་མོའི་ཟློས་གར་འཁྲབ་གཞུང་ཆོས་རྒྱལ་ནོར་བཟང་གི་སྤྱི་ཕན་འཁྲབ་སྟོན་ཡིན་པ་དང་། གྲོང་ཚོའི་རྒན་གྲས་རྣམས་ཀྱི་རིག་གནས་འཚོ་བའི་ལོངས་སྤྱོད་གཙོ་བོའི་གྲས་སུ་གྱུར་ཡོད། མ་གཞི་ངེད་གྲོང་ཚོས་གཟུགས་ཀྱི་ཉི་མ་དང་། ཆོས་རྒྱལ་ནོར་བཟང་། འགྲོ་བ་བཟང་མོ་བཅས་ལྷ་མོ་ཁག་གསུམ་འཁྲབ་ཐུབ་ཀྱི་ཡོད་མོད། སྔོན་ཆད་ཀྱི་དུས་ཡུན་རིང་པོའི་ནང་ལྷ་མོ་བ་སྐུ་བགྲེས་པ་རྣམས་དགུང་ལོས་རྐྱེན་པས་གཞོན་སྐྱེས་ལྷ་མོ་བ་གསོ་སྐྱོང་བྱེད་ཁོམ་མ་བྱུང་སྟབས་ལྷ་མོར་མཐོང་མེད་པར་ཡུན་རིང་ལུས། 2017ལོ་ནས་བཟུང་གོང་རིམ་ནས་གྲོང་ཚོ་གཅིག་ལ་རིག་རྩལ་ཚོགས་པ་གཅིག་དགོས་པའི་བླང་བྱ་བཏོན་སྟབས་ད་ཆ་ལོ་གྲངས་མཐོ་ཤོས་73དང་ཆུང་ཤོས་ལོ་ན་24ཟིན་པའི་རྒན་དར་གཞོན་གསུམ་མི་གྲངས་24ལས་གྲུབ་པའི་གྲོང་ཚོའི་ལྷ་མོ་ཚོགས་པ་འདི་སླར་གསོ་བྱུང་ཞིང་། ཁོ་ཚོས་ནང་སྦྱོང་ཧུར་ཐག་བྱས་པ་བརྒྱུད་ལོ་རེའི་འོང་སྐོར་དུས་ཆེན་སྐབས་དང་རྫོང་གི་རྒན་གསོ་ཁང་། དེ་བཞིན་ལྷ་ས་གྲོང་ཁྱེར་ནས་སྐུལ་སློང་གནང་བ་བཞིན་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སོགས་ལ་སྤྱི་ཕན་འཁྲབ་སྟོན་བྱེད་ཀྱི་ཡོད་ཅེས་གསུངས།

    འདི་ནི་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།

    ཤེས་རྟོགས་བྱུང་གསལ། ལྷ་མོ་ཚོགས་པའི་དགུང་ལོ་བགྲེས་ཤོས་སྤོ་བོ་སྐལ་བཟང་རྣམ་རྒྱལ་ནི་ལོ་གྲངས་73ལ་སོན་ཡོད་ཀྱང་། སྔོན་ཆད་འགྲོ་བ་བཟང་མོའི་ནང་གི་ལྷ་སྲས་རྒྱལ་པོ་འཁྲབ་མྱོང་བས་ད་ཆ་ཚོགས་པའི་རྔ་ཆིངས་རྡུང་མཁན་གྱི་འོས་འགན་བཞེས་བཞིན་ཡོད་ལ། ཁོང་ལྟ་བུའི་ལྷ་མོ་ལ་ཤ་ཞེན་ཆེ་བའི་རྒན་རབས་ཀྱི་གསོ་སྐྱོང་སྐུལ་ལྕག་འོག་འཁྲབ་སྟོན་པ་ལྷག་པ་ལྟ་བུས་ལྷ་མོའི་འཁྲབ་གཞུང་ལ་སྦྱངས་པ་ཆེན་པོས་འཁྲབ་བྱའི་མི་སྣའི་རྣམ་ཐར་མང་པོ་གཏོང་ཤེས་པ་དང་ད་ལྟ་གྲོང་ཚོའི་ལྷ་མོ་ཚོགས་པའི་གཞུང་སྲོང་མཁན་དང་གཞོན་སྐྱེས་གསོ་སྐྱོང་གི་རྐང་འཛིན་འགན་འཁུར་བར་གྱུར། དེ་བཞིན་མཁས་པ་ངོ་མ་ནི་དམངས་ཁྲོད་དུ་ཡོད་ཅེས་པ་ཅིས་མི་བདེན། ལྷ་མོ་ཚོགས་པའི་ཨ་ཅག་ཁྲ་སིལ་ལོ་55ལ་སླེབས་ཀྱང་2020ལོའི་རྫོང་ཡོངས་ཀྱི་རྣམ་ཐར་འགྲན་སྡུར་ཆེ་མོར་ཨང་དང་པོ་བླངས། ཁོང་གིས་ལྷ་མོའི་འཁྲབ་གཞུང་འགྲོ་བ་བཟང་མོ་དང་། པད་མ་འོད་འབར། གཟུགས་ཀྱི་ཉི་མ། ཆོས་རྒྱལ་ནོར་བཟང་སོགས་ད་ཡོད་གཞུང་གི་འཁྲབ་བྱའི་མི་སྣའི་རྣམ་ཐར་རིགས་ཚང་མ་གཏོང་ཤེས་པས་བོད་ལྗོངས་ལྷ་མོ་ཚོགས་པ་སོགས་ནས་གདན་དྲངས་པའི་དཔྱད་འདེམས་པ་ཡང་ཡིད་སྨོན་དང་དད་གུས་སྐྱེས་ཡོད། འཁྲབ་སྟོན་པ་ཁོ་ཚོ་ཚང་མ་དཔུང་ས་འོག་ལ་བཅུག་ནས་འཚོ་རྟེན་ཞིང་ལས་ལ་བཅོལ་མཁན་ཡིན་མོད་རང་རང་གི་ལྷོད་མེད། འབད་བརྩོན་དང་དད་ཞེན། དེ་བཞིན་ཤེས་རིག་གི་རྒྱབ་ལྗོངས་དང་རང་ངོས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་ཡུལ་ཕྱོགས་ཤིག་གི་སྤྱི་ཚོགས་དང་དུས་རབས་ཀྱི་དཔལ་ཡོན་ངོམ་དུ་ཆོག་པར་བྱེད།

    གཏམ་རྒྱུད་དང་བདེན་དོན།

    གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པ་སངས་ནོར་བུ་དང་ངེད་ཚོ་གཏམ་གླེང་བྱེད་ཞོར་ཁོང་གིས་གྲོང་ཚོའི་མངའ་ཁོངས་སུ་ལྷ་མོའི་འཁྲབ་གཞུང་དུ་འཁོད་པའི་ཆོས་རྒྱལ་ནོར་བཟང་གི་ཕོ་བྲང་ཡོད་ལ། འཇུན་པ་གྲོང་ཚོར་པད་མ་བླ་མཚོ་ཡང་ཡོད་ཅེས་བརྗོད། ངོ་མཚར་དང་ཡ་མཚན་གྱི་བསམ་པ་འཆང་བཞིན་ངེད་ཚོས་ནོར་བཟང་ཕོ་བྲང་ཆགས་སའི་ཡུལ་དངོས་སུ་ཉམས་ཞིབ་བྱེད་པར་བསྐྱོད། མི་ལོ་བརྒྱ་ཕྲག་སོང་བའི་སྦྱར་སྡོང་དང་། སེ་བ། སྒྲོ་དཀར་སོགས་སྣེ་མང་ལྗོན་ཤིང་གིས་མཐའ་ནས་ཡོངས་སུ་བསྐོར་བའི་རྡོ་རྩིག་གི་ཐོག་ཁང་ཞིག་རོ་ཞིག་མིག་ལམ་དུ་མངོན་འོང་། དེ་བས་ཀྱང་ཡ་མཚན་སྐྱེ་དགོས་པ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྩ་ཆེའི་སྐྱེ་དངོས་མེ་ཏོག་པདྨ་སེར་པོ་མང་པོ་ཕོ་བྲང་དེའི་ལྕང་གླིང་ནང་དུ་རྩ་བ་འཕེལ་ཞིང་། མེ་ཏོག་ཀྱང་རིམ་བཞིན་བཞད་ཁ་ཕྱེ་འོང་། དོན་ངོ་མར་སྔོན་ཆད་ཆུ་ཤུར་རྫོང་གིས་དམངས་ཁྲོད་ཀྱི་ངག་རྒྱུན་བཞིན་རྫོང་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་ནོར་བཟང་ཕོ་བྲང་གི་གནའ་ཤུལ་གྱི་བྱང་བུ་བཀལ་ཀྱང་། ད་ཆ་ཆེས་མངོན་གསལ་དོད་པ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན། སེ་ར་བླ་སྐྱིད་གཞིས་ཀའི་གནའ་ཤུལ་རེད།

     

    འདི་ནི་གྲོང་མི་རྣམས་ལྷ་མོའི་འཁྲབ་སྟོན་ལ་ལྟ་བཞིན་པ།

    ལས་ལ་བརྩོན་ཞིང་དཔའ་ངར་བློ་གྲོས་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱི་དད་ཞེན་ལ་ང་ཚོས་མ་རུང་མ་འཐུས་ཀྱི་ཆོད་གཏམ་སྨྲ་བར་མི་ནུས་ཏེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཞིས་ཀ་རྙིང་རུལ་ཞིག་ལ་ཆོས་རྒྱལ་ནོར་བཟང་ཕོ་བྲང་གི་ཆོ་ལོ་བསྩལ་བའི་འགལ་འདུའི་ཁྲོད་ནས་ང་ཚོས་ཤུགས་ལ་རྟོགས་ཐུབ་པ་ནི་ཡུལ་དེ་གའི་མི་དམངས་ཚོས་གནའ་བོའི་ཤེས་དཔལ་གྱི་ཤུལ་བཞག་རིག་གནས་མིག་ལམ་དུ་མངོན་པར་བྱས་ཤིང་། ཁྱོན་ཡོངས་ནས་དབུལ་སྒྲོལ་གྱི་རླབས་ཆེན་རྒྱལ་ཁ་ཐོབ་སྟེ། ཟས་གོས་ལ་ཐོགས་པ་མེད་པའི་འབྱོར་འབྲིང་གི་ལམ་དུ་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད་པ་མཚོན་ཐུབ་སྟེ། རྒྱུ་མཚན་ནི་ཤེས་རིག་དཔལ་ཡོན་གྱི་ནང་དོན་ཡང་གྲོང་གསེབ་དར་རྒྱས་ཀྱི་གཙོ་དོན་གྲས་ཤིག་ལ་འཇོག་པ་ནི་ཀུན་གྱི་མཁྱེན་གསལ་ལ་གྱུར་ཡོད། དཔེར་ན། མཚར་པ་ནང་གྲོང་ཚོའི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་ལ་གླ་ཆ་མེད་པར་རང་སོ་སོའི་དགའ་ཞེན་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པ་དང་རང་གི་འོས་འགན་ལ་བརྩིས་ནས་ཞུགས་པ་ཞིག་རེད། ཡོང་འབབ་གཙོ་བོ་རྫོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་རྫོང་རྒན་གསོ་ཁང་དང་འོང་སྐོར་སྐབས་འོས་འགན་གཤམ་སྐྱོད་རིག་རྩལ་འཁྲབ་སྟོན་གྱི་བླང་བྱ་ལྟར་ལྷ་མོ་འཁྲབ་ཐེངས་རེར་སྒོར་5000སྤྲོད་ཀྱི་ཡོད་ལ་ལྷ་མོ་ཡང་ལོ་གཅིག་ལ་ཐེངས་བཅུ་འཁྲབ་དགོས་པའི་འོས་འགན་ཡོད་སྟབས་འཁྲབ་ཐེངས་བཅུ་འཁྲབ་ཚེ་འཁྲབ་གླ་སྒོར་ཁྲི་10ཟིན་གྱི་ཡོད། མིག་སྔར་ལྷ་མོ་ནི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་དབང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་མཐོང་ཆེན་པོ་གནང་སྟེ་ཁ་གསབ་རོགས་དངུལ་མི་འདྲ་བ་མང་པོ་ཞིག་སྤྲོད་ཀྱི་འདུག་ཅེས་པ་སངས་ནོར་བུས་ངེད་ཚོར་གསལ་བཤད་གནང་།

    དགའ་འོས་པའི་ཐོན་ལས་དང་པོ།

    དེང་གི་ཆར། ཞིང་པ་དུད་ཁྱིམ་599དང་མི་གྲངས་4513ཙམ་ཡོད་པའི་མཚར་པ་ནང་གྲོང་ཚོར་མ་གཞི་འཐུས་སྒོ་ཚང་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ཆ་རྐྱེན་བཟང་པོའི་འོག་གྲོང་ཚོ་ཧྲིལ་པོར་ཡུལ་སྐོར་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་འཛོམས་ཡོད་ཀྱང་། ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་སོན་བཟང་རྟེན་གཞིའི་ཆ་ནས་གྲོང་ཚོར་ཁྱོན་ཞིང་ཁ་མུའུ་6537ཙམ་ཡོད་པའི་ཐོན་འབབ་ཆ་སྙོམས་མུའུ་རེར་ནས་རྒྱ་མ་600ཡན་ཟིན་པ་དེ་ཚོར་རྒྱལ་ཁབ་ཀྱི་འབྲུ་རིགས་འདེབས་པའི་ཁ་གསབ་དང་བཅས་པ་ལོ་ལྟར་གྱི་གཏན་འཇགས་ཡོང་འབབ་ཏུ་གྱུར་ཡོད་པ་རེད། དེ་མིན་ཞིང་ལས་འཕྲུལ་ཆས་ཀྱིས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་སྔ་ས་ནས་བཏང་ཟིན་པས་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལས་ཡུལ་ཁག་ལ་ཡོང་འབབ་འཕར་མ་གསོག་པར་འགྲོ་བ་དང་། ཁྱིམ་འཛིན་མ་ཚོས་བཞོན་མ་གསོས་ཏེ་ས་མཐོའི་གཅེས་ནོར་ཀུང་སི་དང་དཀར་ཆུའི་མཉམ་ལས་གན་རྒྱ་བཞག་ཡོད་པས། དཀར་ཆུའི་ཐོན་ཁུངས་ནི་ཁྱིམ་འཛིན་མ་ཚོའི་དངུལ་སྨར་ཡོང་འབབ་གཙོ་བོར་གྱུར་བས་མ་ཚད་ལོ་ལྟར་གྱི་གསུམ་བརྒྱད་བུད་མེད་དུས་ཆེན་ཡང་ཁོ་ཚོའི་བྱ་དགའ་ལེན་པའི་དུས་ཆེན་ལྟ་བུར་གྱུར།

    ཐེངས་འདིའི་མཚར་པ་ནང་གྲོང་ཚོའི་བཅར་འདྲིའི་བརྒྱུད་རིམ་ལས། མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྲོང་ཚོ་དེ་རིགས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སའི་གཟུགས་ལྡན་གྱི་གཞི་རྟེན་ཡིན་པ་ཚོར་ཐུབ་ཅིང་། ཡུལ་ལུང་འདི་འདྲར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སོ་ནམ་གྱི་དུས་ཚིགས་དང་། མི་ཡིས་ནམ་མཁར་རྟེན་དགོས་པའི་འབྱུང་ཁམས་ཆོས་ཉིད་ཀྱི་ལྟ་བ། རང་རང་གི་ཁྱད་ཆོས་མངའ་བའི་ར་བ་ཁང་ཁྱིམ། རང་བཞིན་བབ་ཆགས་ཀྱི་ཞིང་ལས་རྣམ་པ། མི་མུས་རྒྱུད་བཅས་ལ་དར་བའི་ཁྱིམ་སྲོལ་མི་གཤིས། གྲོང་པ་ཁྱིམ་མཚེས་འཆམ་མཐུན་གྱི་དམངས་སྲོལ་སོགས་མངོན་གསལ་ཆེ་བའི་རྟགས་དང་མཚན་མ་ཡོད་རྒུ་སྲོལ་རྒྱུན་གྱི་གྲོང་ཚོ་རྙིང་པ་དེ་ཚོར་འཛོམས་ཡོད་པའི་ཚོར་སྣང་ཞིག་སྐྱེ་འོང་།




    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།