བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས།
རྒྱལ་ཁབ་རིམ་པའི་རྩ་ཆེན་གནའ་དཔེ་རང་ཚུགས་ངང་ཉམས་གསོ་ཐོག་མར་བྱས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང(རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས)གིས་གནའ་དཔེ་ཉམས་གསོ་ལེགས་གྲུབ་ཀྱི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འཚོགས་པ་རེད། འདི་ནི་རང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོབ་སྡེ་ཚན་གྱིས་དུས་ཡུན་ལོ་གཉིས་རིང་རང་ཚུགས་ངང་ལེགས་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི་རྩ་ཆེའི་གནའ་དཔེ་ཉམས་གསོའི་ལས་འགན་ཐོག་མ་དེ་ཡིན་པས་རང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་གལ་ཆེའི་དོན་སྙིང་ལྡན་ཡོད་ལ་ལྗོངས་ཡོངས་ཀྱིས་གོམ་སྟབས་རྗེས་མར་རྩ་ཆེའི་གནའ་དཔེ་ཉམས་གསོའི་ལས་དོན་སྤེལ་རྒྱུར་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཉམས་གསོ་ལེགས་སྒྲུབ་བྱས་པ་དང་འབྲེལ་ཉར་ཚགས་ཚན་པར་ཕྱིར་སྤྲོད་བྱས་པའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ནི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་གནའ་བོའི་བོན་དགོན་སྤུ་ལ་དགོན་དུ་ཉར་ཚགས་བྱས་པའི་བོན་གྱི《བཀའ་འགྱུར》བམ་པོ་75ཡི་ནང་སྐྱོན་ཆག་བྱུང་བའི་བམ་པོ་གཉིས་ལ་ཁྱོན་བསྡོམས་ལོ་མ་454ཡོད་པ་རེད། འདི་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་གནའ་དཔེ་ཡོངས་བཤེར་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་ཅུང་སྔ་དུས་ཀྱི་བོན་ཆོས《བཀའ་འགྱུར》གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། 2016ལོར་ཁག་ལྔ་པའི《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བོན་ཆོས《བཀའ་འགྱུར》དེ་དམངས་ཁྲོད་དུ་གྱར་ཡོད་པ་དང་། 2014ལོར་ས་གནས་དེ་གའི་རིག་གནས་སོགས་སྡེ་ཚན་གྱི་འབད་བརྩོན་འོག་ས་གནས་དེ་གའི་མི་སེར་གྱི་ལག་ནས་རེ་རེ་བྱས་ཏེ་བསྡུས་ནས་ཉར་ཚགས་བྱས་ཡོད། 2018ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱི་རིམ་པ་དེ་གའི་ནོར་སྲིད་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་266.7བཏང་ནས་ཁོངས་གཏོགས་ཁུལ་དུ་ཉར་ཚགས་བྱས་པའི་རྒྱལ་ཁབ་རིམ་པའི་རྩ་ཆེན་གནའ་དཔེ་དག་པར་འདེབས་དང་། ཉམས་གསོ། གྲངས་གཞི་ཅན་གྱི་འདུ་འགོད་བཅས་ཀྱི་ཐད་སྤྱད་པ་རེད།
རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་གནའ་དཔེ་སྲུང་སྐྱོབ་བྱེད་དགོས་ལ་དེ་བས་བེད་སྤྱོད་དང་རྒྱུན་འཛིན་ནུས་ལྡན་བྱེད་དགོས། ང་ཚོས་འབད་བརྩོན་བྱས་ཏེ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་མྱོང་བའི་གནའ་དཔེ་དེ་དག་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བའི་རེ་བ་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་གནའ་དཔེ་སྲུང་སྐྱོབ་ཀྱི་བྱ་གཞག་ནང་ཞུགས་སུ་བཅུག་ནས་སྲོལ་རྒྱུན་གྱི་གནའ་དཔེ་དང་ཚད་ལྡན་གྱི་ཡིག་ཆ་བསྐྱར་དུ་བེད་སྤྱོད་དང་སྔར་ཡོད་ཀྱི་མ་དཔེ་སྲུང་སྐྱོབ་སྔར་བས་ཡག་པོ་ཡོང་བའི་འགན་ལེན་དེ་བས་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།