དབུ་ཤོག>བོད་ཀྱི་རིག་གནས།>རིག་དངོས་རྟོག་ཞིབ།
  • འཛམ་གླིང་ཡང་རྩེའི་ཡང་རྩེར་ཉུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྙེ་ཕུ་ཤེས་རབ།   |     སྤེལ་དུས།  2023-06-25

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

    གཅིག

    མཐའ་བཞི་གངས་རིས་བསྐོར་བའི་བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གྲགས་ལ། དེའི་ཡང་རྩེར་གྱུར་པ་ནི་སྟོད་མངའ་རིས་ཞེས་པ་དེ་ཉིད་ལགས། དེ་ཡང་འདི་ལོའི་སྤྱི་ཟླ་5པའི་ཟླ་འགོར། ང་རང་ཡང་རྩེའི་ཡང་རྩེར་གྲགས་པའི་སྟོད་མངའ་རིས་སུ་ལས་དོན་སྒྲུབ་པར་བསྐྱོད་པའི་གོ་སྐབས་ཤིག་ཐོབ་ཅིང་། ཐེངས་འདིའི་ལས་འགན་ལྕི་ལ་ལས་མི་ཉུང་ཡང་། ལོ་རྒྱུས་ཡིག་ཚགས་སོགས་ལས་ངོ་མཚར་འབུམ་གྱིས་ཕྱུག་པར་གསལ་བའི་སྟོད་ཀྱི་མངའ་རིས་སུ་སྐྱོད་ཁོམ་བྱུང་བས་ཡ་ཆུང་སེམས་པ་དགའ་བས་མྱོས། སྟོད་མངའ་རིས་ཞེས་པའི་ཡུལ་མཆོག་དེ་ནི་ངའི་རྣ་ལམ་དུ་མང་ཤོས་ཐོས་པའི་ཡུལ་ཞིག་དང་སེམས་ཀྱི་བློ་ཁ་ཕྱོགས་ཡུལ་ཁྱད་པར་ཅན་ཞིག་ཡིན་ཡང་། ད་བར་གོམ་པའི་འདེགས་འཇོག་ཡེ་ནས་སྤོ་མ་མྱོང་། དེ་ནི་རིག་དངོས་ཀྱི་ལས་ལ་གཞོལ་ཞིང་བོད་ཀྱི་རིག་གཞུང་ལ་བརྩོན་ཁུལ་བྱེད་པའི་མི་ཞིག་གི་ངོས་ནས་བཤད་ན། ངོ་གནོང་དགོས་པ་ཞིག་རེད་སྙམ། དེར་བརྟེན། ད་ཐེངས་མངའ་རིས་སུ་ལས་དོན་སྒྲུབ་པར་སྐྱོད་པའི་ཁོམ་པ་བྱུང་བ་ནི་བསམ་ཐོག་ལ་རྟ་རྒྱུག་པའི་དོན་ཞིག་རང་ལགས།

    མཁའ་དབྱིངས་ནས་པར་བརྒྱབ་པའི་མཛེས་ལྗོངས།

    གཉིས།

    2023ལོའི་5པའི་ཚེས་8ཉིན་གྱི་ཞོགས་པར། ང་དང་ལས་རོགས་གོང་དཀར་གནམ་ཐང་ནས་གནམ་གྲུར་བསྡད་དེ་ཆུ་ཤུར་དང་གཞིས་རྩེ་སོགས་ཀྱི་བར་སྣང་ལམ་ཐིག་བརྒྱུད་ནས་སྟོད་ཀྱི་མངའ་རིས་སུ་འཕུར་བ་ཡིན། གནམ་གྲུའི་སྒེའུ་ཁུང་ལས་མཐོང་བའི་ཡུལ་ལྗོངས་ནི་ལྷའི་བཟོ་བོའི་སོར་རྩལ་ལས་ཐོན་པའི་བརྩམས་ཆོས་ཇི་བཞིན་བཟོ་དབྱིབས་འདྲ་མིན་སྣ་ཚོགས་མངོན་ལ། ངོ་མཚར་གྱིས་ཕྱུག་པའི་མཛེས་ལྗོངས་དེ་དག་གིས་སྐྱེ་བོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། མཐའ་ཡོངས་གངས་རིས་བསྐོར་ལ་རི་ཚོགས་ཀྱི་ཡོངས་སུ་བཏུམས་པའི་ཡུལ་ལྗོངས་ནི་མཁའ་ནས་ལྟ་དུས་ལྕགས་རི་དཀར་པོས་བསྐོར་བའི་རི་ཚོགས་ཀྱི་ནགས་ཚལ་དང་འདྲ་ལ། རི་ཚོགས་དེ་དག་གི་བར་དུ་ཡུལ་ལུང་ཆགས་ཡོད་མེད་ཀྱང་སོམ་ཉིའི་དབང་དུ་གྱུར། གནམ་གྲུའི་སྒེའུ་ཁུང་ནས་ལྟ་དུས་ལམ་བར་དུ་མཚོ་དང་མཚེའུ་ཡང་མི་ཉུང་བ་ཞིག་མིག་ལམ་དུ་མངོན་འོངས། བོད་ལྗོངས་ས་བབ་མཐོ་བའི་ཁར། ཁྱད་པར་དུ་སྟོད་མངའ་རིས་ནི་གནམ་མཁའི་མཐོངས་སུ་ཆགས་པ་ལྟར་ལྷ་ས་ནས་སླར་ཡང་དགུང་དུ་འཕུར་དགོས་ཀྱི་འདུག ལམ་གྱི་ཡུལ་ལྗོངས་ངོ་མཚར་ཆེ་བས་ནམ་རྒྱུན་ལྟར་གཉིད་དུ་ཡུར་ཁོམ་ཅི་ལ་མཆིས། ངོ་མཚར་གྱི་ཡུལ་ལྗོངས་ལ་ལྟ་བཞིན་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀ་སོང་རྗེས་མངའ་རིས་དགུན་ས་གནམ་ཐང་དུ་འབྱོར།

    གནམ་གྲུ་ལས་བབས་མ་ཐག་མིག་མདུན་དུ་དགུན་ས་ཞེས་གནས་དེའི་མིང་ལྟར་ཡུལ་ཧྲིལ་པོ་སྐྱ་ཐིང་ངེར་གནས་ལ་ལྷགས་པའང་འུར་འུར་དུ་ལྡང་བ་ཞིག་མངོན། མ་ཟད་གནས་དེ་ནི་ཉི་མ་དང་བར་ཐག་ཆེས་ཉེ་བས་ཡུལ་གཞན་དང་བསྡུར་ན་ཉི་མ་ཡང་ཆེ་བ་ཡོད་པའི་སྣང་བ་ཞིག་སྟེར་གྱིན་འདུག དགུན་ས་གནམ་ཐང་ནས་མི་རེར་སྒོར་35སྤྲད་དེ་ཆེད་སྤྱོད་རླངས་འཁོར་ལ་བསྡད་ན་དུས་ཡུན་ཆུ་ཚོད་གཅིག་མ་ཟིན་ཙམ་ལ་མངའ་རིས་ས་ཁུལ་དུ་སླེབས་ཀྱི་འདུག ས་ཁུལ་ནང་ཁུལ་དུ་རང་ཉིད་གང་འགྲོའི་ས་ལ་འགྲོ་དགོས་ཚེ། བོགས་གཏོང་རླངས་འཁོར་གླས་ན་ཐོག་མའི་རིན་གོང་སྒོར་བཅུ་རེད་འདུག་ཅིང་། ལྷ་ས་ལྟར་ལམ་བར་ནས་འགྲུལ་པ་གཞན་མཉམ་དུ་འཇུག་གི་མི་འདུག མ་ཟད་སྣང་བར་འདི་གར་བོགས་གཏོང་རླངས་འཁོར་གླ་མཁན་ཡང་ཆེས་ཉུང་བར་མཐོང་། གནས་འདིའི་ལྷོ་ངོས་ནས་རྒྱུག་པའི་སེང་གེ་གཙང་པོས་མངའ་རིས་ས་ཁུལ་དང་སྒར་རྫོང་གཉིས་འཕྲེད་དུ་བཅད་འདུག འོན་ཀྱང་དེ་གཉིས་དབར་བར་ཐག་རིང་པོ་དེ་ཙམ་མི་འདུག་ལ། མངའ་རིས་ས་ཁུལ་གྱི་ལས་ཁུངས་མང་པོ་ཞིག་ཀྱང་སྒར་རྗོང་ཁོངས་སུ་གནས་འདུག

    མངའ་རིས་ས་ཁུལ་གྱི་ཁང་པ་མང་ཆེ་བ་མཐོ་པོ་དེ་ཙམ་མེད་པ་དང་། གྲོང་ཁྱེར་གྱི་ནང་དུ་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་འགའ་ཡོད་མོད། འོན་ཏེ་གུས་པའི་མིག་ལམ་དུ་སྤྱི་སྤྱོད་རླངས་འཁོར་མཐོང་མ་བྱུང་། གནས་དེའི་ཟ་ཁང་དང་ཚོང་ཁང་སོགས་མང་ཆེ་བའི་སྒོ་བྱང་མངོན་གསལ་དེ་ཙམ་མེད་པ་དང་། རིགས་ཕྱེ་སྟེ་ཁུལ་སོ་སོའི་དབྱེ་བ་ཡང་འབྱེད་མི་འདུག འོན་ཏེ་ཁྲོམ་ལ་འགྲོ་དུས་སོས་དལ་གྱི་སྣང་བ་ཞིག་རང་བཞིན་དུ་སྦྱིན་གྱིན་འདུག་ལ། གནས་དེའི་མི་རྣམས་ཀྱང་སེམས་རྩ་འཁོལ་བས་ལམ་སོགས་སྐད་ཆ་དྲིས་ཚེ་སུན་སྣང་མེད་པར་གསལ་བཤད་རྒྱས་པར་བྱེད་ཀྱི་འདུག ས་ཁུལ་གྱི་ཁྲོམ་གཞུང་ཁག་ལས་རིག་གནས་ལམ་རྒྱུད་ཀྱི་ཁྲོམ་གཞུང་འཁྲུག་ཆ་དོད་པ་དང་། དེ་གར་མི་ཚོགས་ཀྱང་ཅུང་ཟད་མང་བར་སྣང་། དེ་མིན་གནམ་གཤིས་སོགས་ཀྱི་རྐྱེན་ཡིན་ནམ་ཅི་ཡིན་ཆ་མི་འཚལ་བར་སྤྱིར་ན་ཁྲོམ་གཞུང་དུ་མི་དེ་ཙམ་མང་པོ་མི་འདུག འོན་ཏེ་གནས་དེའི་ཡུལ་གྱི་བཀོད་པས་ཡིད་ལ་གཞན་དང་མི་འདྲ་བའི་བག་ཕེབས་དང་སྙིང་ཉེ་བའི་ཚོར་སྣང་ཞིག་སྦྱིན་གྱི་འདུག

    གསུམ།

    ཉིན་གཉིས་པར་ལས་ཀའི་དགོས་དབང་གིས་ང་དང་ལས་རོགས་རྩྭ་མདའ་རྫོང་དུ་སྐྱོད་དགོས་མོད། འོན་ཏེ་མི་རྒྱུས་མེད་དང་ས་རྒྱུས་མེད་དུ་སླེབས་དུས་གང་ནས་འགྲོ་དགོས་མིན་དང་ཇི་ལྟར་འགྲོ་དགོས་མིན་ཞིབ་ཕྲ་མི་ཤེས། སྤྱིར་ཁོ་བོ་ས་ཆ་རྒྱུས་མེད་དུ་སླེབས་རྗེས་གོང་གི་གནས་ཚུལ་དེ་འདྲ་འཕྲད་སྐབས་ཐབས་ཤེས་གསུམ་སྤྱད་དེ་ཐག་གཅོད་བྱེད་ཀྱི་ཡོད། དེ་ཡང་གཏམ་དཔེར་མིའི་རྫི་ཁ་ལ་ཡོད། ཁྱིའི་རྫི་སྣ་ལ་ཡོད། ཅེས་གྲགས་པ་ལྟར། གཅིག་ནས་ས་གནས་དེ་གའི་མིར་སྐད་ཆ་དྲིས་ཏེ་གནས་ཚུལ་ཤེས་དགོས་པ་དང་། གཉིས་ནས་དྲ་ཐོག་ནས་བཙལ་ཏེ་ཐག་གཅོད་པ། གསུམ་ནས་ས་གནས་དེ་གའི་བོགས་གཏོང་རླངས་འཁོར་ལ་བསྡད་དེ་དམིགས་སར་ཕྱིན་ནས་རྒྱུས་ལོན་པ་བཅས་ལགས། ད་ཐེངས་ངས་ས་གནས་དེ་གའི་བོགས་གཏོང་རླངས་འཁོར་ལ་བསྡད་དེ་སེང་གེ་གཙང་པོའི་ལྷོ་ཕྱོགས་སུ་གནས་པའི་རྫོང་ཁག་ཏུ་སྐྱོད་སའི་འགྲུལ་སྐྱེལ་ས་ཚིགས་སུ་ཕྱིན་པ་ཡིན། འགྲུལ་སྐྱེལ་ས་ཚིགས་དེ་ནས་རྩྭ་མདའ་དང་། རུ་ཐོག མཚོ་ཆེན། སྒེར་རྩེ། སྤུ་ཧྲེང་། དགེ་རྒྱས་སོགས་མངའ་རིས་ས་ཁུལ་གྱི་རྫོང་ཁག་ཏུ་འགྲོ་ཆོག་གི་འདུག

    འགྲུལ་སྐྱེལ་ས་ཚིགས་སུ་སླེབས་རྗེས་ཤེས་པར་འདི་ནས་རྩྭ་མདའ་རྫོང་བར་མི་རེར་བདལ་གླ་སྒོར་160ཡིན་པ་དང་། ཉིན་རེའི་སྔ་དྲོའི་ཆུ་ཚོད་12ལ་གཞི་ནས་རླངས་འཁོར་རྡོག་ཐོན་བྱེད་ཀྱི་འདུག སྐབས་དེར་ཆུ་ཚོད་12ཟིན་པར་ད་དུང་དུས་ཚོད་རིང་ཙམ་འདུག་ལ། ང་ཚོ་སྡོད་སའི་གཙང་འགྲམ་གྱི་མགྲོན་ཁང་ནས་འགྲུལ་སྐྱེལ་ས་ཚིགས་བར་ལམ་ཐག་དེ་ཙམ་རིང་པོ་མི་འདུག་པས། རྐང་ཐང་དུ་ཕྱིར་མགྲོན་ཁང་དུ་ལོག་སྟེ་རྡོག་ཁྲེས་ལེན་པར་ཕྱིན་པ་ཡིན།

    མགྲོན་ཁང་ནས་རྡོག་ཁྲེས་བླངས་རྗེས། སླར་ཡང་འགྲུལ་སྐྱེལ་ས་ཚིགས་སུ་ཡོང་སྟེ་རླངས་འཁོར་སྤ་སེ་ཉོས་ནས་རྩྭ་མདར་ཐོན་པའི་རླངས་འཁོར་ལ་ཞུགས། ཁོ་བོས་རྩྭ་མདའ་ཞེས་པའི་ཡུལ་དེ་ཡང་ལོ་རྒྱུས་ཡིག་ཚགས་དང་བརྙན་འཕྲིན་སོགས་ལས་མཐོང་ཐོས་བྱུང་བ་ཙམ་ལས་ཡུལ་དེར་དངོས་སུ་འགྲོ་མྱོང་མེད། གོ་ཐོས་བྱུང་བ་ཡོད་ཚད་ནི་ཡུལ་དེ་དང་འབྲེལ་བའི་ངོ་མཚར་གྱི་གཏམ་རྒྱུད་འབའ་ཞིག་ཡིན་པས། ཡ་མཚན་དང་འགྲོ་འདོད་ཀྱི་བློ་སོགས་ཚོར་བ་སྣ་ཚོགས་སེམས་སུ་བཅངས་བཞིན་སྔ་དྲོའི་ཆུ་ཚོད་12ལ་རླངས་འཁོར་གྱི་འཁོར་འགྲོས་དང་བསྟུན་ཏེ་རྩྭ་མདའི་ཕྱོགས་སུ་བསྐྱོད། ཁ་པར་གྱི་ཕྱོགས་སྟོན་ས་ཁྲ་ལས་མངའ་རིས་ས་ཁུལ་ནས་རྩྭ་མདའི་བར་ལམ་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པར་གསལ་ཡང་ས་ཆ་དེ་གཉིས་དབར་གྱི་ལམ་གྱི་བརྒྱ་ཆ་70ཙམ་སྤྱིར་ཀྱག་ཀྱོག་གི་རི་ལམ་ཡིན་པའི་ཁར་ལམ་ཐག་ཆེས་རིང་བར་མངོན་པས། ཉམས་མྱོང་གིས་ཕྱུག་པའི་ཁ་ལོ་བ་རྙིང་པ་ཞིག་མིན་ན་རི་ལམ་དེ་དག་ནི་དམྱལ་བའི་འཕྲང་ལམ་ལྟ་བུར་སྣང་ཞིང་བདེ་འཇགས་ལའང་སེམས་ཁྲལ་ཅུང་ཟད་སྐྱེས་འོང་། ལམ་མང་ཆེ་བ་རི་ལམ་ཡིན་ལ་ལམ་བར་དུ་རླངས་འཁོར་ལས་འགྲུལ་པ་ཡར་འཛེག་མར་འབབ་བྱེད་མཁན་མང་བས། དུས་ཡུན་ཆུ་ཚོད་ལྔ་སོང་རྗེས་ད་གཟོད་རྦ་རླབས་དང་འདྲ་བའི་དྲུ་རིའི་ཀློང་དུ་འཐིམ་པའི་རྩྭ་མདའ་རྫོང་དུ་སླེབས་བྱུང་།

    བཤད་སྲོལ་མང་པོར་གནས་འདི་ནི་གནའ་བོའི་དུས་སུ་རྒྱ་མཚོ་ཡིན་པར་གྲགས་པ་ལྟར་ཡུལ་འདིའི་ཕྱོགས་བཞིའི་ས་གཤིས་གཞན་དང་མི་འདྲ་བར་ཡོད་ཚད་ཀྱི་ངོས་སུ་ཆུ་རིས་ཀྱི་ཁེངས་ནས་འདུག་ལ། སའི་ཁ་མདོག་ཀྱང་ཡུལ་གཞན་དང་མི་འདྲ་བར་སྐྱ་བོ་ཡིན་ལ་ཆེས་ངོ་མཚར་ལྡན་པར་སྣང་། རྩྭ་མདའ་རྫོང་ཡང་ས་བབ་རིམ་པ་མང་པོ་འབབ་རྗེས་ཀྱི་མཐིལ་དུ་གནས་པས། སྣང་ངོར་དྲུ་རིའི་རྦ་རླབས་ཀྱི་ཀློང་བཤགས་ཏེ་རྒྱ་མཚོའི་གཏིང་རིམ་དུ་འབབ་པའི་ཚོར་བ་ཞིག་ཤུགས་སུ་སྐྱེ་བཞིན་འདུག་ལ། ས་བབ་འདི་འདྲ་ཞིག་ཏུ་ཡུལ་ལུང་ཞིག་ཆགས་པའང་སྐྱེ་བོའི་བློ་ཡུལ་ལས་འདས། རྩྭ་མདའ་ཞེས་པའི་ལུང་པ་འདི་ནི་ཡུལ་མིང་ཇི་བཞིན་རྩྭ་ར་ཡོད་པའི་ལུང་པར་མདའ་ཞེས་ཐོགས་ཀྱང་། ཞིབ་པར་བསམ་དུས་ཡུལ་ལུང་འདི་ནི་འཇིག་རྟེན་བྱེད་པོས་ཆེད་དུ་སྦས་པའི་སྦས་ལུང་ཞིག་དང་ཨ་ན་མ་ནར་མཆིས།

    སྤྱིར་བོད་ཀྱི་གྲོང་ཁྱེར་ཁག་ཏུ་མ་གཏོགས་རྫོང་ཁག་ལ་བཤམས་སྟོན་ཁང་ཡོད་པ་ཆེས་ཉུང་བས། རྩྭ་མདའ་རྫོང་དུའང་འབྲེལ་ཡོད་ཀྱི་བཤམས་སྟོན་ཁང་ཡོད་པ་ནི་བསམ་པའི་ཡུལ་ལས་འདསཤིང་། རྫོང་དེའི་ཤར་ངོས་ལམ་ཟུར་དུ་ཞང་ཞུང་རིག་གནས་འགྲེམས་སྟོན་ཁང་ཞིག་མཐོང་རྒྱུ་འདུག དེ་ཉིན་བཤམས་སྟོན་ཁང་སྒོ་བརྒྱབ་ཡོད་ཀྱང་གཅིག་ནས་ཡུལ་འདིར་སླེབས་པ་དཀའ་ལ་ཡུལ་འདི་ནི་གནའ་ཤུལ་དང་རིག་གནས་ཀྱི་སྣང་ཚུལ་མང་པོས་ཕྱུག་པའི་ཡུལ་ཞིག་ཡིན་པ་མ་ཟད། ཁོ་བོ་རང་ཉིད་ཀྱང་བཤམས་སྟོན་ཁང་གི་ལས་མི་ཞིག་ཡིན་པས་བཤམས་སྟོན་ཁང་འདིར་ལྟད་མོར་འགྲོ་བའི་འདུན་པ་དྲག་པོ་སྐྱེས་བྱུང་། ཁོ་བོ་དེའི་རྒྱལ་སྒོའི་མདུན་དུ་ཕྱིན་ཏེ་ཞིབ་པར་ལྟ་སྐབས་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་སྒོ་འགྲམ་གྱི་གྱང་ངོས་སུ་ལས་རེས་རེའུ་མིག་སྦྱར་ཡོད་པ་མ་ཟད། དེར་འབྲེལ་གཏུགས་ཁ་པར་ཨང་གྲངས་ཀྱང་བྲིས་འདུག དེས་ན་ལམ་སེང་རེའུ་མིག་ཏུ་གསལ་བའི་རྫོང་རིག་དངོས་ཅུས་ཀྱི་ལས་དོན་པར་འབྲེལ་བ་བྱས་ཏེ་རང་གི་བསམ་ཚུལ་བརྗོད་པས། སྐར་མ་བཅུ་ཙམ་ལས་མ་འགོར་བར་ལས་དོན་པ་ཞིག་སྒོ་འབྱེད་པར་སླེབས་པ་མ་ཟད། ངང་རྒྱུད་རིང་པོས་འབྲེལ་ཡོད་ཀྱི་ནང་དོན་འགྲེལ་བཤད་གནང་བྱུང་།

    བཤམས་སྟོན་ཁང་དེ་ཐོག་བརྩེགས་གཉིས་ལས་གྲུབ་ཅིང་ཧ་ལམ་རྒྱ་ཁྱོན་ལ་སྨི་ངོས་གྲུ་7000ཙམ་ཡོད་བཟོ་འདུག དེའི་ཐོག་བརྩེགས་དང་པོར་ཞང་ཞུང་རིག་གནས་དང་འབྲེལ་བའི་པར་རིས་སྣ་ཚོགས་ཡོད་པ་དང་། འགྲེམས་ཁང་ཞིག་ཏུ་ས་གནས་དེ་ག་ནས་རྙེད་པའི་གནའ་བོའི་རྫ་ཁོག་དང་། གཟི། གསེར་གྱི་རྒྱན་ཆ་སོགས་ཀྱི་རིག་དངོས་བཤམས་འདུག འགྲེམས་ཁང་འདིའི་སྒོ་འཛུལ་མ་ཐག་ཏུ་ངོ་མཚར་ཅན་གྱི་རྡོ་ཁྱད་དུ་འཕགས་པ་ཞིག་ཡོད་ཅིང་། དེའི་མཐོ་ཚད་ལ་ཧ་ལམ་སྨི་གཉིས་མ་ཟིན་ཙམ་དང་ཞེང་ཚད་ལ་སྨི་གཅིག་མ་ཟིན་ཙམ་འདུག ལས་དོན་པས་འགྲེལ་བཤད་བྱས་པར་རྡོ་འདི་ཡང་རྩྭ་མདའ་ནས་དོན་པ་ཞིག་ཡིན་ཞིང་། དེ་ནི་གནའ་བོའི་དུས་ཀྱི་སྐར་རྡོ་ཡིན་པར་གྲགས། གཅིག་ཐོག་ཏུ་ད་དུང་3Dཀྱི་ནུས་པ་ཡོད་པའི་གློག་བརྙན་ཁང་ཆུང་ཆུང་ཞིག་ཡོད་པ་དང་། དེ་ལས་གུ་གེ་གནའ་ཤུལ་སོགས་ཀྱི་ལོ་རྒྱུས་དང་འཛུགས་སྐྲུན་གྱི་འཕེལ་རིམ་གསོན་ཉམས་དོད་པོས་སྐྱེ་བོའི་མིག་ལམ་དུ་གཤོམ་གྱི་འདུག ཐོག་བརྩེགས་གཉིས་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འགྲེམས་ཁང་དང་ཤང་གྲོང་དར་རྒྱས་ཀྱི་ཐོན་ལས་འགྲེམས་ཁང་། གནའ་ཤུལ་པར་རིས་འགྲེམས་ཁང་སོགས་འདུག ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་གྱི་གནའ་ཤུལ་པར་རིས་ཡོད་སའི་འགྲེམས་ཁང་དེར་ད་དུང་རྒྱལ་ཁབ་ཀྱི་གཅེས་ནོར་ཞེས་པའི་ལེ་ཚན་གྱི་བརྙན་ཐུང་དུམ་བུ་ཞིག་ལྟ་རྒྱུ་ཡོད་པ་དང་། བརྙན་ཐུང་དེ་ལས་དུང་དཀར་ཕྱི་དབང་གནའ་ཤུལ་དང་ཁྱུང་ལུང་དངུལ་མཁར་གནའ་ཤུལ་སོགས་ཀྱི་སྐོར་ཞིབ་པར་སྟོན་གྱི་འདུག རྩྭ་མདའ་རྫོང་དུ་ཡོད་པའི་ཞང་ཞུང་རིག་གནས་འགྲེམས་ཁང་ནས་གནས་དེའི་ངོ་མཚར་ལོ་རྒྱུས་ཉམས་སུ་མྱོང་རྒྱུ་བྱུང་བ་དང་། དེ་ལས་གནས་དེའི་ལོ་རྒྱུས་ལ་རྒྱུས་མངའ་དང་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང་།

    རྩྭ་མདའི་དྲུ་རི།

    བཞི།

    ཡུལ་དེར་གནས་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་སྙན་པའི་གྲགས་པ་འཛམ་གླིང་ཡོངས་སུ་ཁྱབ་ཅིང་། ལོ་རྒྱུས་ཡིག་ཚགས་སོགས་ལས་གང་དེའི་ངོ་མཚར་གཏམ་རྒྱུད་གོ་ཐོས་བྱུང་བའི་སྐྱེ་བོ་ཞིག་ཡིན་ཕྱིན། ས་ཡུལ་དངོས་སུ་འགྲོ་འདོད་ཀྱི་འདུན་པ་དབང་མེད་དུ་འཁྲུངས་སྲིད། ཁོ་བོ་ཡང་གནས་དེའི་ངོ་མཚར་གཏམ་རྒྱུད་ཀྱིས་ཡིད་སེམས་རབ་ཏུ་འཕྲོགས་པས་རྩྭ་མདའ་རྫོང་གི་ལྷོ་ནུབ་ཁུལ་དུ་ཆགས་པའི་གནས་འདིར་གོམ་ཁ་མི་སྒྱུར་ཀ་མེད་བྱུང་། འོན་ཏེ་རང་ཉིད་ལ་རླངས་འཁོར་མེད་སྟབས། རྫོང་ནས་གུ་གེ་རྒྱལ་རབས་གནའ་ཤུལ་བར་ཆེད་དུ་འགྲུལ་པ་སྐྱེལ་བསུ་བྱེད་མཁན་གྱི་རླངས་འཁོར་མེད་ལ་སྒེར་གྱི་རླངས་འཁོར་གླ་དཀའ་བ་མ་ཟད། གླ་ཆ་ཡང་ཅུང་མཐོ་བས་འགྲིམ་འགྲུལ་གྱི་དཀའ་གནད་ཅིག་ཕྲད། ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་པའི་སྐབས་དེར་ས་གནས་དེ་གའི་ཡུལ་མི་ཞིག་གིས་གུ་གེ་གནའ་ཤུལ་ལ་སྐྱོད་སའི་ལམ་ཟུར་དུ་རླངས་འཁོར་བཀག་ན་འགྲོ་མཁན་མང་བས་ཞོར་དུ་སྐྱེལ་ངེས་ཡིན་ཞིང་། སེམས་བཟང་ཅན་ཞིག་ཕྲད་ན་བདལ་གླ་ཡང་བླངས་མི་སྲིད་ཟེར་བས། ང་དང་ལས་རོགས་ཀྱིས་ལམ་ཟུར་དུ་བྱ་རྡོ་ལམ་འཕྲད་ཀྱི་རླངས་འཁོར་ཞིག་འཕྲད་པར་རེ་ཞིང་སྒུག ལམ་ཟུར་དེ་ནས་རླངས་འཁོར་འགྲོ་མཁན་མང་ཡང་གུ་གེ་གནའ་ཤུལ་ལ་སྐྱོད་མཁན་ཁོ་ན་མིན་པར་ས་ཆ་གཞན་དུའང་སྐྱོད་མཁན་མང་། དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས། ད་གཟོད་གུ་གེ་རྒྱལ་རབས་གནའ་ཤུལ་དུ་སྐྱོད་མཁན་གྱི་རླངས་འཁོར་ཞིག་ཕྲད་ཅིང་། ཁ་ལོ་བས་ང་གཉིས་གནའ་ཤུལ་གཤམ་འོག་གི་རྩྭ་ཧྲེང་གྲོང་ཚོའི་འགྲམ་གྱི་ཡུལ་སྐོར་ཞབས་འདེགས་ལྟེ་གནས་བར་བསྐྱལ་བ་མ་ཟད། བདལ་གླ་ཡང་བླངས་མ་བྱུང་། དེ་ནས་མི་རེར་སྒོར་20སྤྲད་དེ་དེ་གའི་ཡུལ་སྐོར་རླངས་འཁོར་ཆུང་ངུར་བསྡད་ན་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་གཤམ་འོག་ཏུ་སླེབས་ཀྱི་འདུག དེ་ནས་སྨི་ཉིས་བརྒྱ་ཙམ་སོང་ཚེ་གནའ་ཤུལ་གྱི་ཡུལ་སྐོར་སྤ་སེ་ཉོ་སར་སླེབས་ཤིང་། ཡུལ་སྐོར་དངོས་ཀྱང་དེ་ནས་འགོ་ཚུགས་ཀྱི་འདུག སྤ་སེ་རེར་སྒོར་65ཡིན་ཡང་བོད་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་ཡིན་ཚེ། སྤ་སེ་ཉོ་མི་དགོས་པར་གནའ་ཤུལ་སྐོར་བར་འགྲོ་ཆོག་གི་འདུག

    མྱོང་བ་ཅན་ཚོས་བརྗོད་པ་ལྟར་ན། གནའ་ཤུལ་དེའི་ཆེས་མཛེས་པའི་བཀོད་པ་ནི་སྔ་དགོང་གཉིས་ཀྱི་མཚམས་སྤྲིན་འཆར་སྐབས་ཡིན་ཞིང་། སྐབས་དེ་དུས་མཚམས་སྤྲིན་གྱི་འོད་མདངས་ཁྲོད་དུ་དེ་གའི་མཛེས་སྡུག་གི་རྣམ་པ་ལྟ་བས་མི་ངོམ་ཞིག་ཡོད་པར་གྲགས་ལ། པར་རྒྱག་མཁན་མཁས་པ་མང་པོས་ཀྱང་མཚམས་སྤྲིན་གྱི་འོད་མདངས་ཁྲོད་ཀྱི་གནའ་ཤུལ་དེའི་མཛེས་སྡུག་ལ་པར་རྒྱག་མཁན་མང་། སྒོ་འཛིན་སྤ་སེའི་ངོས་ཀྱི་པར་རིས་ཀྱང་མཚམས་སྤྲིན་ཁྲོད་ཀྱི་ཡུལ་ལྗོངས་རེད་འདུག འོན་ཏེ་ང་དང་ལས་རོགས་ཆེད་དུ་ཡུལ་སྐོར་ལ་ཡོང་བ་མིན་ལ་ངེད་གཉིས་ལ་དབང་བའི་དུས་ཚོད་ཀྱང་དེ་ཙམ་མང་པོ་མེད་པས། མཚམས་སྤྲིན་ཤར་དུས་ཀྱི་དུས་མཚམས་སྒུག་ལོང་མ་བྱུང་། དགའ་འོས་པ་ཞིག་ལ་གནས་དེར་དངོས་སུ་སླེབས་ཤིང་ཡུལ་དེའི་བཀོད་པ་ཡོངས་སུ་འདྲེན་བྱེད་ལམ་དུ་མངོན་སྐབས། བསམ་ཡུལ་ལས་འདས་པའི་ཚོར་འདུ་མང་པོས་ནང་སེམས་སྐྱོམས་པར་བྱེད་ལ། གནའ་ཤུལ་གྱི་ཐུན་མོང་མ་ཡིན་པའི་རྣམ་པས་ཡིད་ཀྱི་དབང་པོ་ཡོངས་སུ་འཕྲོག་པར་བྱས་ཤིང་། ཤུལ་དུ་ལུས་པའི་འཛུགས་སྐྲུན་གྱི་ཆ་ཤས་དེ་དག་ལས་གནའ་ཤུལ་དེའི་སྔར་སོང་གི་བརྗིད་ཉམས་ཤུགས་སུ་གསལ་བར་སྣང་།

    བགྲང་བྱ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་ཤུལ་དེ་ལས་སྐྱིད་སྡེ་ཉི་མ་དགོན་གྱིས་མངའ་འབངས་བསྐྱངས་པའི་འདས་དོན་ཡིད་ངོར་གསལ་ལ། འབྱོར་ཕྱུག་ལྡན་པའི་རྒྱལ་རབས་ཤིག་གི་ཆགས་འཇིག་གི་དོན་ལ་འདང་རྒྱག་ཐུབ། གནའ་ཤུལ་འདིས་མི་རྣམས་ལ་ངོ་མཚར་གྱི་གཏམ་རྒྱུད་མི་ཉུང་བ་ཞིག་བཞག་ཡོད་ལ། དེས་སྔར་སོང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ས་གནས་ས་ཐོག་གི་དཔྱད་གཞི་གསོན་པོ་མཁོ་འདོན་བྱས་ཡོད། གནའ་ཤུལ་དེའི་གྲུ་ཟུར་རེ་རེ་ལས་སྔར་སོང་གི་གཏམ་རྒྱུད་ཡིད་ལ་ལྷང་ངེར་དྲན་འོང་ལ་གནའ་ཤུལ་གྱི་ཀློང་དུ་ལངས་ཏེ་གནས་དེའི་ཉི་འོད་དང་རླུང་བུ། ལྷ་ཁང་དང་དྲུ་རི། ཡུལ་མི་དང་ཡུལ་ལྗོངས་སོགས་ལ་སེམས་ཀྱིས་མྱུལ་ཚེ། ཚོར་འདུའི་རྦ་ཀློང་རབ་ཏུ་འཁྲུག་པར་བྱེད། ཕུག་པ་300ལྷག་ཙམ་ཡོད་པ་དེ་དག་ནི་གནའ་ཤུལ་དེའི་མིག་དང་འདྲ་བར་རི་སྟེང་ནས་ཡུལ་དེའི་འདས་མ་ད་གསུམ་ལ་ཅེ་རེར་རྒྱང་ལྟ་བྱེད་པ་དང་གཉིས་སུ་མ་མཆིས།

    རྩྭ་མདའི་བཤམས་སྟོན་ཁང་གི་རིག་དངོས་ཁག་གཅིག

    ལྔ།

    རྩྭ་མདའ་རྗོང་དུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཕུད། ད་དུང་ཁྱུང་ལུང་དངུལ་མཁར་གནའ་ཤུལ་དང་། དུང་དཀར་ཕུག་པ། ཕྱི་དབང་ཕུག་པ་སོགས་སྔར་སོང་ལོ་རྒྱུས་དང་སྒྱུ་རྩལ། རིག་གནས་སོགས་མཚོན་པའི་གནའ་ཤུལ་མང་པོ་མཆིས་ཤིང་། ལས་དང་བསྐལ་བ་བཟང་པོས་རྩྭ་མདའ་རྫོང་ནས་མངའ་རིས་ས་ཁུལ་དུ་ལོག་པའི་ལམ་ཞོར་དུ་དུང་དཀར་དང་ཕྱི་དབང་གནའ་ཤུལ་དུ་སྐྱོད་པའི་ཁོམ་པ་ཐོབ་བྱུང་། མ་གཞི་དུང་དཀར་དང་ཕྱི་དབང་གཉིས་ནི་གྲོང་སྡེ་མི་འདྲ་བ་ཁག་གཉིས་ཡིན་ཀྱང་གྲོང་སྡེ་དེ་གཉིས་དབར་བར་ཐག་སྤྱི་ལེ་གཅིག་ཙམ་ལས་མེད་པ་དང་། གནའ་ཤུལ་དེ་གཉིས་ཀྱི་དུས་རབས་དང་ཕུག་པའི་ཁྱད་ཆོས་སོགས་ཆེས་འདྲ་བས་གནའ་རྫས་རྟོག་ཞིབ་རིག་པའི་ཁྱབ་ཁོངས་སུ་དུང་དཀར་ཕྱི་དབང་གནའ་ཤུལ་ཞེས་མཉམ་བཞག་ཏུ་འབོད་པ་དང་། དེ་གཉིས་ཀར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པས་དེ་གཉིས་ལ་ས་མཐོའི་ཏུན་ཧོང་ངམ་ཏུན་ཧོང་གཉིས་པར་གྲགས། དུང་དཀར་ཕྱི་དབང་གནའ་ཤུལ་ནི་གྲོང་ཚོའི་རྒྱབ་ལྗོངས་ཀྱི་ཚུལ་དུ་གནས་ཤིང་། དེ་གཉིས་ཀའི་མདུན་དུ་གྲོང་ཚོ་ཆགས་པ་དང་། གནས་བཤད་དང་དོ་དམ་བྱེད་མཁན་ཡང་གྲོང་ཚོ་དེ་གའི་མི་རེད་འདུག དེ་གའི་གནས་བཤད་མཁན་གྱིས་གནའ་ཤུལ་འདི་གཉིས་སུ་ཁྱོན་བསྡོམས་ཕུག་པ་200ལྷག་ཙམ་ཡོད་པ་ལས་ལྡེབས་རིས་ཡོད་པའི་ཕུག་པ་བརྒྱད་ཙམ་ལས་མེད་པར་བརྗོད། གྲོང་མིའི་ཁང་པ་རི་གཤམ་དུ་ཆགས་ཤིང་། རྒྱབ་རིར་ལོ་རྒྱུས་དང་སྒྱུ་རྩལ་གྱི་བརྩམས་བྱས་ཕྱུག་པའི་གནའ་ཤུལ་བྲག་ཕུག་ཡོད་པས། དུང་དཀར་དང་ཕྱི་དབང་ཞེས་པའི་གྲོང་སྡེ་དེ་གཉིས་ཀྱང་སྔར་བས་ངོ་མཚར་ཆེ་བར་སྣང་། རྒྱང་རིང་ནས་ལྟ་སྐབས་རི་ལྡེབས་ཀྱི་ཕུག་པ་དེ་དག་ནི་རི་གཤམ་དུ་གནས་པའི་གྲོང་མིའི་སྡོད་ཁང་རེ་རེའི་སྔར་སོང་གི་གཟུགས་བརྙན་ལྟ་བུར་མངོན་ལ། གྲོང་མིའི་སྡོད་ཁང་རེ་རེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ཤུལ་དེ་དག་གི་སོ་ལྟ་ཁང་ལྟ་བུར་སྣང་ཞིང་། ཞི་མཐུན་གྱི་རྣམ་པས་སྐྱེ་བོའི་ཡིད་དབང་འཕྲོག་པར་བྱེད། ལོ་ཟླའི་ཆུ་རྒྱུན་རིང་པོར་གནའ་ཤུལ་དང་གྲོང་ཚོ་མཉམ་གཤིབ་ཏུ་གནས་ཤིང་གྲོང་མི་ཚོས་མི་རབས་ནས་མི་རབས་བརྒྱུད་དེ་གནའ་ཤུལ་དེ་གཉིས་ལ་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད་པ་དང་། སྐྱེ་བོ་ཚོར་གནའ་ཤུལ་དེ་གཉིས་ཀྱི་ངོ་མཚར་གཏམ་རྒྱུད་བརྗོད་དང་རྗོད་མུས་ལགས།

    འཛམ་གླིང་ཡང་རྩེའི་ཡང་རྩེར་གྲགས་པའི་མངའ་རིས་ནི་རི་བོ་ཀུན་གྱི་རི་རྒྱུད་དང་ཆུ་བོ་ཀུན་གྱི་ཆུ་འགོ ཁ་འབབ་རྣམ་བཞིའི་འབྱུང་ཁུངས། ཞང་ཞུང་རིག་གནས་ཀྱི་ལྟེ་བ་སོགས་ཡིན་པས། གནས་དེར་ལོ་རྒྱུས་དང་སྒྱུ་རྩལ། རིག་གནས་ཀྱིས་ཕྱུག་པའི་གནའ་ཤུལ་མང་ལ། གནས་དེའི་ངོ་མཚར་གྱི་གཏམ་རྒྱུད་བརྗོད་ཀྱང་བརྗོད་ཀྱིས་མི་ལང་། ཁོ་བོས་གནས་དེའི་ཡུལ་ལུང་འགྲིམས་པ་ལས་འགྲིམ་རྒྱུ་མང་ལ། གནས་དེའི་གཏམ་རྒྱུད་ཉན་པ་ལས་མཉན་རྒྱུ་མང་བས། དུས་དང་ཁོམ་པ་བྱུང་ཚེ་སླར་ཡང་གནས་དེའི་མཛེས་སྡུག་སེམས་ཀྱིས་མྱུལ་ཞིང་གཏམ་རྒྱུད་སེམས་ཀྱིས་མཉན་པའི་བསྐལ་བཟང་འཐོབ་པར་སྨོན་ནོ།།

    མཆན། པར་རིས་འདི་དག་རྩོམ་པ་པོས་མཁོ་འདོན་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།