དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལྷ་ས་གྲོང་ཁྱེར་གྱིས“ས་གཙང་བུམ་པའི”སྒོར་གཞས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-24

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་སྒོར་གཞས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བྱ་ཡུལ་ཡིན་པ།

    འདི་ནི་ཟླ་6ཚེས་22ཉིན་ལྷ་ས་གྲོང་ཁྱེར་གྱི་སྒོར་གཞས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ཕོ་བྲང་པོ་ཏ་ལའི་བརྒྱབ་ཀྱི་རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་དུ་གཉེར་བར་གྲོང་ཁྱེར་ཡོངས་ཀྱི་འགྲན་ཞུགས་རུ་ཁག་36འགྲན་བསྡུར་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ལྔ་པའི་ཚེས་ལྔའི་དུས་ཆེན་ཉིན་ཉི་འོད་གྲོང་ཁྱེར་ལྷ་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གླུ་དབྱངས་ཀྱི་འགྱུར་ཁུག་དང་ཞབས་བྲོའི་སྟངས་སྟབས་ཀྱིས་རིག་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་སྤེལ་རེས་ཀྱི་འགྲེམས་སྟོན་ལས་སྟེགས་བཏོད་དེ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་22ཉིན། ལྷ་ས་གྲོང་ཁྱེར་གྱིས“ས་གཙང་བུམ་པའི”སྒོར་གཞས་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ་རེད།

    སྔ་དྲོའི་ཆུ་ཚོད་བཅུ་པར་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ཀྱིས་གཟབ་མཆོར་སྤྲས་པའི་འགྲན་ཞུགས་བདམས་ཐོན་པ་ཚོས་ངོ་མཚར་ཆེ་བའི་དམངས་ཁྲོད་ཞབས་བྲོ་འཁྲབ་ནས་སྒོར་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད། 《བཀྲ་ཤིས་པའི་སྒོར་གཞས》དང་། 《བྱང་ཐང་གི་སྐོར་བྲོ》《ཞིང་པའི་ཉམས་འགྱུར》སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་ནས། སྒོར་གཞས་རེ་རེ་ལས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་གསར་པ་མངོན་པར་བྱས་ཡོད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྣམ་པ་སྣ་ཚོགས་པའི་ལུས་རྩལ་དང་རིག་གནས་ཀྱི་འཚོ་བ་དང་བསམ་པའི་ཉམས་འགྱུར་བཟང་པོའང་གང་ལེགས་མངོན་པར་བྱས་ཡོད། འགྲན་བསྡུར་ཧྲིལ་པོ་ལྟད་མོ་ཆེ་ལ། འཁྲུག་ཆ་དོད་ཅིང་། རྣམ་པ་ཟབ་པས་ལྟད་མོ་བ་ཚོའི་དགའ་འབོད་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད།

    སྙེ་མོ་རྫོང་གི་འགྲན་ཞུགས་རུ་ཁག་གི་རུ་སྣེ་ཁྲིད་མཁན་བསྟན་འཛིན་འཕྲིན་ལས་ཀྱིས། ང་ཚོ་སྙེ་མོ་རྫོང་དུ་ཁྱོན་གྲོང་ཚོའི་རིག་རྩལ་རུ་ཁག་30ལྷག་ཙམ་ཡོད་པ་དང་། དེ་རིང་ང་ཚོས་འཁྲབ་པའི་ཞབས་བྲོ《བྱང་ཐང་གི་སྒོར་གཞས》ཞེས་པ་དེའི་ནང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་ཐུབ་པར་བྱས་ཡོད། ཞབས་བྲོ་དེ་ང་ཚོ་མང་ཚོགས་ཉི་ཤུ་ལྷག་ཙམ་གྱིས་ཉིན་བཅོ་ལྔ་ལྷག་ཙམ་སྦྱངས་པ་ཡིན། འཁྲབ་སྟོན་བྱ་ཡུལ་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་འདུག་པས་ད་རེས་ཀྱི་འགྲན་བསྡུར་ལ་གྲུབ་འབྲས་ཕུལ་བྱུང་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

    སྒོར་གཞས་ནི་བོད་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཆེན་པོ་གསུམ་གྱི་གྲས་ཤིག་རེད། སྒོར་གཞས་དང་བོད་རིགས་མི་དམངས་མང་ཚོགས་ཀྱི་འཚོ་བ་འབྲེལ་བ་དམ་ཟབ་ཡོད་ཅིང་། མང་ཚོགས་ཀྱི་རིག་གནས་འཚོ་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། མི་རིགས་ཀྱི་རིག་གནས་བརྒྱུད་སྤེལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། སྒོར་གཞས་ཀྱི་སྙན་ཞིང་འཇེབས་པའི་འགྱུར་ཁུག་དང་ཡིད་དབང་འཕྲོག་པའི་གར་སྟབས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། དེ་ལས་བོད་རིགས་མི་དམངས་ཀྱི་བབ་ཆགས་ཤིང་སེམས་བཟང་བ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། སྤྲོ་སེམས་རབ་ཏུ་འཁོལ་བ་བཅས་ཀྱི་མི་རིཌ་ཀྱི་གཤིས་རྒྱུད་མཚོན་པ་མ་ཟད། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་ཚུལ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།