རིག་གནས་ཀྱི་ཁྱད་པར་ལས་འཕྲོས་ཏེ་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།
སྤྱིར་ན“འགྱུར་རྩོམ་ཚད་ལྡན་ཞིག་ཡིན་ཕྱིན། མ་ཡིག་གི་བརྗོད་དོན་ཇི་བཞིན་དུ་མཚོན་པའི་དཔར་ཡིག་ལྟ་བུ་ཞིག་དང་། མ་ཡིག་གི་སྒྱུ་རྩལ་ཁྱད་ཆོས་ཇི་བཞིན་དུ་མཚོན་པའི་ཟློས་རྩོམ་ལྟ་བུ་ཞིག འགྱུར་ཡིག་གི་སྐད་ཆའི་ཁྱད་ཆོས་འབུར་དུ་མཚོན་པའི་རང་རྩོམ་ལྟ་བུ་ཞིག་ཡིན་དགོས་པ་རེད”ཅེས་གསུངས་པ་ནང་བཞིན། ལོ་ཙཱ་བས་བསྒྱུར་བྱ་སྒྱུར་བྱེད་གཉིས་ཀའི་སྐད་ཡིག་ལ་གསལ་ཆ་ཡོད་པའི་རྨང་གཞིའི་སྟེང་། དེ་གཉིས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་རྒྱབ་ལྗོངས། འཚོ་བའི་ཁོར་ཡུག་སོགས་ལའང་མནོ་བསམ་གཏོང་དགོས།
མི་རིགས་སོ་སོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆབ་སྲིད་དཔལ་འབྱོར་གྱི་ལམ་ལུགས་དང་། འཚོ་གནས་བྱེད་པའི་ཕྱི་སྣོད་ཀྱི་རང་བྱུང་ཁོར་ཡུག ཡུལ་སྲོལ་གོམས་གཤིས། མི་རིགས་རང་ཉིད་ཀྱི་བསམ་པའི་འཁྱེར་སོ་དང་སྐད་ཆ་སོགས་ཡོད། དེ་དག་གིས་རྐྱེན་བྱས་ནས་གྲུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེར་ཡོངས་ཁྱབ་ཏུ་མི་རིགས་དེའི་རིག་གནས་ཞེས་བརྗོད་པ་ཡིན། ལོ་ཙཱའི་བྱེད་ནུས་གཙོ་བོ་ནི་རིག་གནས་མི་འདྲ་བ་དག་ཕན་ཚུན་བརྗེ་རེས་བྱེད་པ་དེ་ཡིན་ལ། རིག་གནས་བརྗེ་རེས་བྱེད་པར་གཙོ་བོ་མི་རིགས་སོ་སོའི་སྐད་ཡིག་ལ་བརྟེན་དགོས། དེས་ན་ལོ་ཙཱ་ནི་སྐད་ཡིག་ལ་བརྟེན་ནས་རིག་གནས་ཤིག་དངོས་ཤུགས་གང་རུང་གི་ལམ་ནས་གསལ་པོར་སྟོན་པ་ལ་ཟེར། ནམ་རྒྱུན་གྱི་ཡིག་སྒྱུར་ཁྲོད་འཕྲད་པའི་དཀའ་གནད་གཙོ་བོ་ཡང་རིག་གནས་མི་འདྲ་བའི་ཁྱད་པར་ལས་བྱུང་བ་གཤམ་གསལ་ལྟར།
གཅིག སྐྱེ་ཁམས་ཁོར་ཡུག་མི་འདྲ་བ།
མི་རིགས་ཤིག་གི་འཚོ་གནས་བྱེད་སའི་ཁོར་ཡུག་གི་དབང་གིས་གྲུབ་པའི་རིག་གནས་ལ་སྐྱེ་ཁམས་ཁོར་ཡུག་གི་རིག་གནས་ཟེར། བོད་མི་རིགས་ལ་མཚོན་ན། ལོ་ངོ་སྟོང་ཕྲགདུ་མའི་སྔ་རོལ་ནས་གངས་རི་ར་བས་བསྐོར་བའི་མཚོ་བོད་མཐོ་སྒང་དུ་གནས་བཞིན། སྔ་མོའི་དུས་ནས་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བར་བྱེད། རྒྱ་མི་རིགས་ལ་མཚོན་ན། འཚོ་གནས་ཀྱི་ས་དམའ་ཞིང་བརླན་གཤེར་ཆེ་བ་སོགས་ས་བབ་དང་གནམ་གཤིས་མི་འདྲ་བས། མི་རིགས་སོ་སོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལས་མངོན་པའི་རིག་གནས་ཀྱང་མི་འདྲ་བ་ཡིན་ཏེ། བོད་ན་ཡོད་པའི་སྐྱེ་དངོས་སམ་སྲོག་ཆགས་དེ་རྒྱ་ཡུལ་ན་མེད་པ་ལྟ་བུ། དཔེར་ན། “指桑骂槐”ཞེས་པ“ཚིག་པ་གཡག་ལ་བཟས། རྡོག་ཐོ་བེའུ་ལ་གཞུས”ཞེས་འཚོ་གནས་ཁོར་ཡུག་གི་རང་བྱུང་སྐྱེ་དངོས་དང་ཕྱུགས་ཟོག་ལ་འབྲེལ་ཞིང་བསྒྱུར། བོད་ལ་ཕྱུགས་ལས་དར་ཆེ་བ་དང་བོད་མི་རིགས་འདི་ཡང་ཕྱུགས་ལས་གཙོ་བོར་གཉེར་བའི་མི་རིགས་ཤིག་ཡིན། དེ་མིན་ཐད་ཀར་བསྒྱུར་ན། རྒྱའི་རིག་གནས་ཀྱི་རྒྱབ་ལྗོངས་ཡོད་པའི་མི་ཞིག་ལ་དཔེ་དོན་གྱི་སྣང་བརྙན་བསྐྲུན་ཐུབ་ཀྱང་། རྒྱའི་རིག་གནས་ཀྱི་རྒྱབ་ལྗོངས་མེད་པའི་མི་ཞིག་ལ་མཚོན་ན་དཔེ་དོན་གྱི་ཚོར་བ་གང་ཡང་མེད།
གཉིས། ཡུལ་སྲོལ་གོམས་གཤིས་མི་འདྲ་བ།
ལུང་པ་རེ་ལ་གོམས་སྲོལ་རེ། བླ་མ་རེ་ལ་ཆོས་ལུགས་རེ་ཟེར་བའི་དཔེ་ལྟར། མི་རིགས་ཤིག་གི་དུས་རྒྱུན་གྱི་སྤྱི་ཚོགས་འཚོ་བ་དང་བྱ་འགུལ་ཁྲོད་དུ་སོ་སོའི་ས་གནས་ཀྱི་ཁྱད་ཆོས་ཡོད་པའི་གོམས་ལུགས་ལས་གོམས་སྲོལ་རིག་གནས་མི་འདྲ་བ་རེ་གྲུབ་ཡོད། “火上浇油”ཞེས་པ“མེ་ཚ་བའི་སྒང་ལ་ཤིང་གཤགས་པ”ཞེས་བོད་མིའི་འཚོ་བའི་ཁྲོད་ཤིང་གཤགས་པས་མེ་ཁ་གསོ་བའི་གོམས་སྲོལ་ཡོད་པ་དང་བསྟུན་ནས་བསྒྱུར་དགོས། གལ་སྲིད་དོན་སྒྱུར་གཙོ་བོར་མ་བཟུང་ན་རིག་གནས་གང་དེའི་བསྟན་དོན་རྟོགས་དཀའ་བར་གྱུར་ངེས། དེར་བརྟེན་ལོ་ཙཱ་བས་སྐད་ཡིག་གི་མངོན་གྱུར་དང་ལྐོག་གྱུར་ལ་བསམ་གཞིག་ལེགས་པོ་བྱས་ཏེ། ངེས་པར་དུ་བོད་སྐད་ཀྱི་ཚིག་སྦྱོར་འགྲོ་སྟངས་དང་སྐད་ཆའི་འགྲོས་ལ་བསྟུན་གང་ཐུབ་བྱ་དགོས། གལ་ཏེ་རིག་གནས་ཀྱི་རྒྱབ་ལྗོངས་དང་བསྟན་དོན་ལ་མ་ལྟོས་པར་རང་འདོད་ངང་ཐད་སྒྱུར་བྱས་ཚེ་གོ་རྒྱུ་ཐོས་རྒྱུ་མེད་པ་ཆགས་ངེས། ཡང་དཔེར་ན“千篇一律”ལྟ་བུའི་གོ་དོན་ནི་དོན་དག་གང་རུང་ཞིག་སྔ་ཕྱིར་ཐེངས་མང་བྱུང་རུང་མགོ་མཇུག་བར་གསུམ་དུ་འགྱུར་བ་ཅི་ཡང་བྱུང་མེད་པ་དེ་བསྟན་ཡོད། དེ་ལ་ཚིག་ངོས་ལྟར་བཙན་སྒྱུར་མ་བྱས་པར་བོད་རང་གི་ངག་རྒྱུན་དུ་ཡོད་པའི་བཤད་སྲོལ་ལྟར“ནད་བརྒྱ་སྨན་གཅིག”ཅེས་བསྒྱུར་ཚེ་བོད་རང་གི་སྐད་ལུགས་གོམས་སྲོལ་དང་མཐུན་པ་མ་ཟད། བསྒྱུར་བྱའི་ནང་དོན་གསལ་རྗེན་དུ་མཚོན་ཐུབ།
གསུམ། ལོ་རྒྱུས་རིག་གནས་མི་འདྲ་བ།
མི་རིགས་སོ་སོའི་ལོ་རྒྱུས་ཀྱི་བྱུང་བ་དང་འཕེལ་རིམ་མི་མཐུན་པའི་དབང་གིས་དུས་ཀྱི་ཆུ་རྒྱུན་རིང་མོ་དལ་གྱིས་རྒྱུག་པའི་ཤུལ་ལམ་དུ་གྲུབ་པའི་ལོ་རྒྱུས་རིག་གནས་ལ་ཡང་ཁྱད་པར་ཡོད། དེས་ན་བསྒྱུར་བྱ་མ་ཡིག་གི་གཞི་རྟེན་དུ་གྱུར་པའི་ལོ་རྒྱུས་ལ་རྒྱུས་མངའ་བྱས་ན་གཞི་ནས་བསྟན་དོན་གསལ་རྟོགས་ཐུབ་མོད། དམངས་ཁྲོད་ཀྱི་སྒྲུང་གཏམ་དང་མགུར་གླུ། གཏམ་དཔེ། ལེགས་བཤད་སོགས་ཀྱི་རྒྱབ་ལྗོངས་སུ་མངའ་བའི་ལོ་རྒྱུས་དང་རིག་གནས་ཀྱི་གོ་དོན་ལ་རྒྱུས་ལོན་མ་བྱས་ན། འགྱུར་ཡིག་གི་ཀློག་པ་པོས་མི་རིགས་གཞན་ཞིག་གི་ལོ་རྒྱུས་ལ་གོ་འཛོལ་བྱུང་སྲིད་ལ་ལོ་ཙཱའི་དགོས་པ་ཡང་འགྲུབ་མི་ཐུབ། དཔེར་ན། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ལས་བྱུང་བའི་གཏམདཔེ“三个臭皮匠,顶过一个诸葛亮” ཞེས་པ་ཚིག་ངོས་བཞིན་འགྱུར་ན་བསྟན་དོན་གཤའ་མ་དེ་ཇི་བཞིན་སྟོན་མི་ཐུབ། དེས་ན་ཕོ་ལ་རབ་འབྲིང་ཐ་མར་དབྱེ་བའི་བོད་ཀྱི་རིག་གནས་དང་བསྟུན་ནས་ཕོ་རབ་གཅིག་གི་བློ་གྲོས་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པར་བསྒྱུར་ནས་དོན་གྱི་གོ་བར་སྨན་པར་བྱ། ཡང་དཔེར་ན། ལྷ་ལུང་དཔལ་རྡོར་རི་ལ་སོང་ཡང་། རྟ་ཕོའི་རྨིག་རྗེས་ཐང་ལ་ལུས་ལྟ་བུ་ཐད་བསྒྱུར་བྱས་ན། བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་མི་ཞིག་གིས་དོན་ངོ་མ་རྟོགས་ཐབས་དཀའ།
བཞི། འདུ་ཤེས་འཛིན་སྟངས་མི་འདྲ་བ།
མི་རིགས་སོ་སོའི་འཚོ་བའི་ཁོར་ཡུག་དང་ཉམས་མྱོང་། སློབ་གསོ། དཔལ་འབྱོར། མཛེས་ཚོར་སོགས་ལས་བསམ་བློའི་འདུ་ཤེས་སམ་བསམ་གཞིག་བྱེད་སྟངས་མི་འདྲ་བ་ཡོད། འདིར་སྐབས་ཐོག་ཏུ་ཁ་དོག་གི་ཡིག་སྒྱུར་སྐོར་ལ་ཞུས་ན། སྐད་རིགས་མང་པོའི་ནང་ཁ་དོག་སྐོར་གྱི་ཐ་སྙད་ཀྱི་མཚོན་ཆོས་ཁ་དོག་གི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་འདུག་སྟེ། ཁ་དོག་གིས་རང་རང་གི་མདོག་རྣམ་མངོན་པ་ཁོ་ན་མ་ཡིན་པར། རང་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་འབྲེལ་ཆེ་བར་ཡོད། དཔེར་ན། “一颗红心向着党”ཞེས་པ་བོད་ཡིག་ཏུ“སེམས་པ་དམར་པོ་ཏང་ལ་ཕྱོགས”ཞེས་འགྱུར་ན། བསྒྱུར་བྱ་མ་ཡིག་གི་དོན་ཇི་བཞིན་སྟོན་མི་ཐུབ་ལ། བོད་མིའི་བསམ་བློའི་འཁྱེར་སོ་དང་རྒྱབ་འགལ་དུ་འགྲོ་ངེས། གང་ལགས་ཞེ་ན། ཁ་དོག་གིས་མངོན་ལྐོག་གང་རུང་གིས་བྱ་དངོས་མཚོན་པ་མ་ཟད། མིའི་བསམ་པའི་བརྩེ་དུང་དང་ལྟ་བ་སོགས་མཚོན་གྱིན་ཡོད། རྒྱའི་རིག་གནས་ཁྲོད་དམར་པོ་ནི་བཟང་ཕྱོགས་དང་བཀྲ་ཤིས་པའི་བྱ་བ་མཚོན་བྱེད་ཡིན་ཡང་། བོད་མིའི་བསམ་བློའི་ནང་དེ་དེ་བཞིན་མིན་པར། སྤྱིར་ཁ་དོག་དམར་པོས་མི་ལེགས་པ་དང་གདུག་རྩུབ་མཚོན་ཞིང་། མི་གསོད་མཁན་ལ་ལག་དམར་དང་ཤ་ཡོད་པའི་ཟས་ལ་དམར་ཟས་ཞེས་བརྗོད་གིན་ཡོད། དེས་ན་གོང་གི་སྐད་ཆ་དེ“སེམས་པ་དཀར་པོ་ཏང་ལ་ཕྱོགས”ཞེས་བསྒྱུར་ན་ལེགས་པར་བསམ། གང་ཡིན་ཟེར་ན། བོད་མིའི་སེམས་ཁོང་དུ་དཀར་པོ་ནི་དྭངས་གཙང་ལྷད་མེད་དང་དྲི་མས་མ་གོས་པའི་ཁ་དོག་ཅིག་ཏུ་བརྩི་བས་སོ། ཡང་དཔེར་ན།“子不嫌母丑,狗不厌家贫” ཞེས་པ“ཨ་མ་དང་ལྕི་བ་ལ་སྐྱུགས་བྲོ་མེད”ཞེས་བསྒྱུར་ན། བོད་མི་རིགས་ཀྱི་རང་གི་འཚོ་བའི་ཁྲོད་མཁོ་བའི་ལྕི་བ་ལ་གཅེས་པར་འཛིན་པའི་རིག་གནས་ཀྱི་འདུ་ཤེས་ཤིག་མཚོན་གྱིན་ཡོད།
མཁས་པ་འཇུག་པའི་སྒོ་ལས། སཾ་སྐྲྀ་ཏའི་རྣམ་གྲངས་ཀྱི་སྒྲ། ལ་ལ་སྔོན་རབས་ལས་བྱུང་བའི། གཏམ་རྒྱུད་ལེགས་པར་མི་ཤེས་པས། མིང་གི་རྒྱུ་མཚན་མ་རྟོགས་ནས། ལོག་པར་བསྒྱུར་བར་ཅུང་ཟད་མཐོང་། ཞེས་གསུངས་པ་ལྟར། ལོ་ཙཱ་བའི་དོན་གྱི་སྙེགས་ས་དང་དགོས་དོན་གཉེར་བྱ་གཙོ་བོ་ནི་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཚུད་པའི་རིག་གནས་ལ་ཞབས་འདེགས་ཞུ་ཆེད་ཡིན། དེས་ན། ལོ་ཙཱ་ནི་སྐད་ཡིག་གཉིས་ཕན་ཚུན་བརྗེ་རེས་ཙམ་མ་ཡིན་ལ། སྐད་ཡིག་གཅིག་གིས་མཚོན་པའི་ནང་དོན་དེ་སྐད་ཡིག་གཞན་ཞིག་གིས་མཚོན་པར་བྱས་པ་ཙམ་ཡང་མིན། དེར་ནང་དོན་དང་རྣམ་པ་གཉིས་ཚུད་ཡོད། དེ་ནི་མི་རིགས་ཤིག་གི་རྣམ་ཤེས་དང་ཤེས་རབ་ཀྱི་ཉིང་ཁུ་ཡིན་པས། བསྒྱུར་བྱ་མ་ཡིག་གི་བསམ་བློ་དང་རིག་གནས་དག་ངེས་པར་དུ་ཆད་ལྷག་ནོར་འཁྲུལ་མེད་པའི་སྒོ་ནས། སྒྱུར་བྱེད་འགྱུར་ཡིག་ཏུ་འབྲེལ་ཆགས་ཤིང་གོ་བདེ་བའི་ངང་ནས་མཚོན་པར་བྱེད་དགོས་པ་གལ་ཆེ།
(བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ་ཡི་བསོད་ནམས་སྟོབས་ལགས)